“ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་ཉམས་མྱོང་ལས་བློ་སྒོ་འབྱེད་ཐུབ་པའི་རེ་བ་ཡོད”
ཨ་རིའི་ཅིའུ་ཅིན་ཧྲན་མཚོ་ཁུག་ཁུལ་ཨུ་ལྷན་གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ལི་པི·ཧྲ་ཧྥུའུ་ལ་བཅར་འདྲི་བྱས་པ།

ཨ་རིའི་ཅིའུ་ཅིན་ཧྲན་མཚོ་ཁུག་ཁུལ་ཨུ་ལྷན(གཤམ་དུ“མཚོ་ཁུག་ཁུལ་ཨུ་ལྷན”ཞེས་བསྡུ་རྒྱུ)གྱི་ཙུང་ཚའེ་དང་དབུ་བཞུགས་ལག་བསྟར་དཔོན་གཅིག་ལྕོགས་ལི་པི·ཧྲ་ཧྥུའུ་ཡིས་མཚོ་ཁུག་ཁུལ་ཨུ་ལྷན་དང་ཅ་ལི་ཧྥུའུ་ཉི་ཡ་ཀྲོའུ་ཡི་ཚོང་ལས་རོགས་ཟླའི་སྣེ་ཁྲིད་དེ་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པར་ཞུགས་ཡོད། རྡོག་ཐོན་མ་བྱས་གོང་ཁོང་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། ད་ཐེངས་ནི་ད་ལོའི་ཟླ་5པར་ལས་འགན་གསར་པ་ཁུར་རྗེས་ངས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན་ལ། མཚོ་ཁུག་ཁུལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འབྲེལ་བར་སྐུལ་འདེད་གཏོང་བའི་འགྲུལ་བཞུད་གལ་ཆེན་ཞིག་ཀྱང་ཡིན་ཞེས་བརྗོད།
མཚོ་ཁུག་ཁུལ་ཨུ་ལྷན་གྱིས་2010ལོར་ཀྲུང་གོར་ལས་སྒོ་སྤེལ་ཚུན། ཅ་ཀྲོའུ་དང་ཀྲུང་གོ་སྲིད་གཞུང་དང་ཁེ་ལས་དང་ཚན་ཞིབ་སྒྲིག་གཞི་འབྲེལ་མཐུད་བྱེད་པའི་སྤེལ་རེས་དྲ་རྒྱ་རིམ་བཞིན་བསྐྲུན་ཡོད་ལ། མིག་སྔར་ཧྲང་ཧའེ་དང་པེ་ཅིང་དུ་གཞུང་ལས་ཁང་ཡང་བཙུགས་ཡོད། མཚོ་ཁུག་ཁུལ་ཨུ་ལྷན་གྱིས་རྟག་ཏུ་དཔལ་འབྱོར་ཚོང་དོན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཀྲུང་གོར་ཡོང་གི་ཡོད་པ་མ་ཟད། ལོ་མང་བསྟུད་མར་ནང་འདྲེན་འགྲེམས་ཚོགས་ཐོག་ཅ་ཀྲོའུ་འགྲེམས་ཁུལ་བཙུགས་ནས་ཅ་ཀྲོའུ་ཁེ་ལས་ལ་ཐོན་རྫས་འགྲེམས་སྟོན་དང་ཀྲུང་གོའི་ཁྲོམ་ར་དང་འབྲེལ་མཐུད་བྱེད་པར་ལས་སྟེགས་བཏོད་ཡོད།
ནང་འདྲེན་འགྲེམས་ཚོགས་ལ་ཞུགས་པ་ཕུད། ད་ཐེངས་ཁོང་གིས་ད་དུང་འཚམས་འདྲིའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚོ་ཁུག་ཁུལ་དང་ཀྲུང་གོའི་ས་གནས་དབར་སྤེལ་རེས་མཉམ་ལས་བྱེད་པར་སྐུལ་འདེད་གཏོང་བཞིན་ཡོད། 2019ལོར་སྐབས་དེ་དུས་ཨའོ་ཁེ་ལན་གྲོང་ཁྱེར་གྱི་ཧྲི་ཀྲང་ཡིན་པའི་ཧྲ་ཧྥུའུ་མཚོ་ཁུག་ཁུལ་ཨུ་ལྷན་གྱི་འཐུས་མི་ཚོགས་པ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཡོང་ཞིང་། ཀོང་ཏུང་དང་ཤང་ཀང་དུ་འཚམས་འདྲི་བྱེད་རིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་དང་ཅིའུ་ཅིན་ཧྲན་མཚོ་ཁུག་ཁུལ་གྱི་ས་ཁམས་ཁོར་ཡུག་དང་དཔལ་འབྱོར་གྲུབ་ཆའི་ཐད་ཀྱི་འདྲ་མཚུངས་རང་བཞིན་ལས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “མཚོ་ཁུག་ཁུལ་གཉིས་པོར་གྲུ་ཁ་གལ་ཆེན་དང་། ཚད་མཐོའི་གྲོང་ཁྱེར་ཅན་གྱི་མཚོ་རྒྱུད་ས་ཁུལ། དར་རྒྱས་ཆེ་བའི་ཚན་རྩལ་གསར་གཏོད་ཐོན་ལས་བཅས་ཡོད་པ་དང་ཆབས་ཅིག་འགྲིམ་འགྲུལ་དང་། ས་ཆ་བེད་སྤྱོད། ནུས་རྒྱུ་ཕྱོགས་སྒྱུར། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་ཐུན་མོང་གི་འགྲན་སློང་ཡང་འཕྲད་ཡོད”ཅེས་ཧྲ་ཧྥུའུ་ཡིས་བརྗོད་པ་དང་། ཁོང་གིས“འདྲ་བའི་ཆ་དེ་དག་གིས་ཕྱོགས་གཉིས་པོའི་དབར་མཉམ་ལས་བྱེད་པར་རྨང་གཞི་བཏིང་ཡོད། གྲུ་ཁ་དང་ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་དེ་མཚོ་ཁུག་ཁུལ་གཉིས་པོའི་མཉམ་ལས་ཀྱི་འཇུག་སྒོར་འགྱུར་ཆོག”ཅེས་བརྗོད།
ཉེ་བའི་ལོ་ཤས་རིང་། མཚོ་ཁུག་ཁུལ་ཨུ་ལྷན་གྱིས་ཨའོ་ཁེ་ལན་གྲུ་ཁར་དམིགས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་དང་ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་སྤེལ་རེས་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཞིང་། 2025ལོའི་ཟླ་12པར་མཚོ་ཁུག་ཁུལ་ཨུ་ལྷན་ཨ་ཀྲུང་གྲུ་ཁ་དང་ཚོང་ལས་སྤེལ་རེས་བྱེད་སྒོ་སྐོང་བསྡུ་བྱེད་པའི་ནང་ཞུགས་ནས་ཕྱོགས་གཉིས་པོའི་ཁེ་ལས་དང་ས་གནས་སྒྲིག་གཞིའི་འཐུས་མིས་ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན་དང་། ཟོག་འགྲུལ། ནུས་རྒྱུ་གཙང་མ། ཐོན་ལས་མཉམ་ལས་སོགས་ཀྱི་གྲོས་གཞིར་དམིགས་ནས་སྤེལ་རེས་བྱེད་པར་སྐུལ་འདེད་བཏང་ཞིང་། ཧྲ་ཧྥུའུ་ཡིས“མཉམ་ལས་དེ་རིགས་ལ་ང་ཧ་ཅང་དགའ་པོ་ཡོད། རྒྱུ་མཚན་ནི་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ལ་ཕན་པ་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་ཡང་ཕན་པ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།