སི་ཁྲོན་རྔ་བའི་སྐུ་བླ་རི་བོའི་རིམ་འདས་ཀླུང་རྒྱུག་འགྲན་བསྡུར་མཇུག་འགྲིལ་བ།
ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན། 2026ལོའི་སྐུ་བླ་རི་བོ་བསྐོར་བའི་རིམ་འདས་ཀླུང་རྒྱུག་འགྲན་བསྡུར་སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་བཙན་ལྷ་རྫོང་སྐུ་བླ་རི་བོའི་འདབས་སུ་མཇུག་འགྲིལ་ཞིང་། བདམས་ཐོན་པ་ཚོས་གངས་རི་དང་ནགས་ཀླུང་ཁྲོད་དུ་རྒྱུག་ཤར་གློད་དེ་གསོ་རླུང་དཀོན་པ་དང་། གནམ་གཤིས་འགྱུར་ལྡོག་ཆེ་བ། མཚན་མོ་རིང་བ་བཅས་ཀྱི་དམིགས་བསལ་གྱི་འགྲན་རའི་ཚོད་བགམ་ཁྱད་བསད་བྱས་ཡོད།
སྐབས་འདིའི་འགྲན་བསྡུར་དེ“སྣང་སྐྱིད་ཕྱུགས་རྫི”ཡི་སྤྱི་ལེ་35དང་། “རང་མོས་བླ་སྲོག”གི་སྤྱི་ལེ་45 “ཁྱེད་རང་དེ་འདྲའི་མཛེས་པ་ལ”ཡི་སྤྱི་ལེ་50 “ཡིད་དབང་འཕྲོག་པའི་ལམ་བུ”ཡི་སྤྱི་ལེ་70བཅས་ཚོགས་ཆུང་ཁག་ལྔ་ལ་དབྱེ་ཡོད་པ་དང་རྒྱལ་ཁབ་ཕྱི་ནང་གི་བདམས་ཐོན་པ་2750འགྲན་བསྡུར་ནང་ཞུགས་པའི་ཡིད་དབང་བཀུག་ཡོད། ཚོགས་ཆུང་ཁག་གི་འགྲན་ལམ་གྱི་ཆ་སྙོམས་ས་བབ་ལ་སྨི་3600ཟིན་པ་དང་ས་བབ་མཐོ་ཤོས་སྨི་4600ལྷག་ཙམ་ཟིན་ཡོད།
སྐུ་བླ་རི་བོའི་མཛེས་ལྗོངས་གྲགས་ཅན་ཁུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། འགྲན་བསྡུར་སྒྲིག་འཛུགས་ཨུ་ལྷན་གྱིས་བདེ་འཇགས་ཀྱི་འགན་ལེན་སྔ་སྣུར་ནས་བྱས་ཏེ། འགྲན་ལམ་གྱི་དཀའ་ཁག་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་སྔ་ས་ནས་གྲལ་བཤེར་བྱས་ཟིན་པ་མ་ཟད། ལམ་རྒྱུད་ཀྱི་མཁོ་སྤྲོད་ས་ཚིགས་སུའང་ཆེད་ལས་སྨན་དོན་པ་བཀོད་སྒྲིག་བྱས་པ་དང་། ཕྱིར་འཐེན་གྱི་སྔོན་ཇུས་བཟོས་པ། རི་མཐོའི་ལམ་སྣེ་འཁྲིད་མཁན་དང་རོགས་སྐྱོབ་སྟོབས་ཤུགས་བཀོད་སྒྲིག་བྱས་ནས་ལམ་ཐིག་ཧྲིལ་པོར་འགན་སྲུང་བྱེད་དུ་བཅུག་ཡོད།
མཐར་ནོར་ཝེ་ཡི་བདམས་ཐོན་པ་ཧྲེར་པེ་ཀེ་ཡིས་ཆུ་ཚོད་13དང་། སྐར་མ་54 སྐར་ཆ་13ཡི་ཐོག་ནས་སྤྱི་ལེ་100ཡི་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། ཀྲུང་གོའི་བདམས་ཐོན་པ་ལིན་ཞའོ་དང་ནེ་པ་ལའི་བདམས་ཐོན་པ་ཞེར་ཕཱ་ལ་ཨང་གཉིས་པ་དང་གསུམ་པ་སོ་སོར་རག་ཡོད། བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་གསུམ་པ་བར་ཚང་མ་ཀྲུང་གོའི་བདམས་ཐོན་པས་བླངས་ཤིང་། ཞུས་ཅན་ལི་ཡིས་ཆུ་ཚོད་27དང་། སྐར་མ་46 སྐར་ཆ་54ཡི་ཐོག་ནས་ཨང་དང་པོ་བླངས་པ་དང་། ཡོན་ཅའོ་དང་ཏེང་ཝེ་ལ་ཨང་གཉིས་པ་དང་གསུམ་པ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། རྔ་བ་ཀྲོའུ་བཙན་ལྷ་རྫོང་གིས་སྐུ་བླ་རི་བོའི་འཛམ་གླིང་གི་རང་བྱུང་རྗེས་ཤུལ་དང་། འཛམ་གླིང་ས་གཤིས་སྤྱི་གླིང་གི་སྤུས་རྟགས་གཉིས་ལ་བརྟེན་ནས་སྐུ་བླ་རི་བོ་བསྐོར་བའི་རིམ་འདས་ཀླུང་རྒྱུག་དང་། སྤྲིན་ཚོམ་མེ་ཏོག་ལམ་བུའི་ཀླུང་རྒྱུག རི་འཛེག་འདུ་ཚོགས། འཁྱག་འཛེག་སོགས་ཕྱི་རོལ་འགྲན་བསྡུར་གྱི་IPས་ཚིགས་བཏོད་དེ་ལུས་རྩལ་དང་། སྐྱེ་ཁམས། རིག་གནས་ཡུལ་སྐོར་བཅས་མཉམ་འདྲེས་གཏིང་ཟབ་ཀྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་རེད།
འབྲེལ་ཡོད་གསར་འགྱུར།