དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མལ་གྲོ་གུང་དཀར་གྱི་རྫོང་རིམ་པའི་སྨན་ཁང་དེར་ཡིད་ཆེས་འདི་འདྲ་བྱེད་དོན་གང་ཡིན་ནམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  བོད་ལྗོངས་ཉིན་རེའི་ཚགས་པར་གྱི་གསར་འགྱུར་ཟབ་སྤེལ་ལས་དོན་ཁང་གིས།   |     སྤེལ་དུས།  2026-11-10

    སྙེ་མོ་རྫོང་ནས་ཡིན་པའི་བཀྲ་ཤིས་ལ་ས་མཐོའི་གྲུམ་ནད་ཕོག་ནས་ཡུན་རིང་ན་ཟུག་དྲག་པོས་མནར། ཉེ་ཆར། ཁོང་གིས་ཕ་ཡུལ་ནས་ཐོན་ཏེ་བར་ཐག་སྤྱི་ལེ་200ལྷག་ཙམ་ཆོད་པའི་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་དུ་ཐད་ཀར་ནད་གཞི་བསྟེན་པར་བསྐྱོད།

    རྫོང་རིམ་པའི་སྨན་ཁང་ཞིག་ལ་ནད་པས་ཡིད་ཆེས་འདི་འདྲ་བྱེད་དོན་གང་ཡིན་ནམ།

    གྲངས་གཞི་ལས་གནད་དོན་ཁག་གཅིག་གསལ་བཤད་ཐུབ་པ་སྟེ། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་2025ལོར་གཤགས་བཅོས་ཐེངས་181བྱས་པ་དེ་དུས་མཚུངས་ལས་47%འཕར་བ་དང་། དཔྱི་ཚིགས་དང་པུས་ཚིགས་བརྗེ་བའི་གཤགས་བཅོས་རིམ་རྩིས་བརྒྱབ་ན་ཐེངས་100ལྷག་ཙམ་བྱས་པར་བླ་གཉན་གྱི་ནད་གཅིག་ཀྱང་ཐོན་མེད། སྨན་ཁང་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ལག་རྩལ་གསར་པ་ཁག་41སྤྱད་པ་དང་། དེའི་ནང་ཁག་3ནི་ལྗོངས་ཡོངས་ཀྱི་རྫོང་རིམ་པར་སྤྱོད་ཐེངས་ཐོག་མ་རེད།

    ད་ཐེངས་གསར་འགྱུར་ཟབ་སྤེལ་ལས་དོན་ཁང་གིས་མལ་གྲོ་གུང་དཀར་རྫོང་གི་རྫོང་རིམ་པའི་སྨན་ཁང་དེས་སྨན་བཅོས་གཅིག་མཐུན་ཚོགས་པའི་སྒྱུར་བཅོས་ལ་བརྟེན་ནས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱས་ཏེ། “བར་བརྒྱུད་ས་ཚིགས”ཀྱི་རྒྱུན་གཏན་གྱི་ངེས་གནས་ལ་འགྱུར་ལྡོག་བཏང་ནས། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་མཐའ་མའི་ས་ཚིཌ་སུ་ཇི་ལྟར་འགྱུར་ཚུལ་སྐོར་ལ་ཤེས་རྟོགས་བྱས་པ་ཡིན།

    དྲ་རྒྱ་གཅིག་ལ་བརྟེན་ནས་ཚང་མར་ཁྱབ་པ།

    ས་མཐོའི་ཞིང་འབྲོག་ཁུལ་ཡངས་ཤིང་རྒྱ་ཆེ་བ་དང་འབྲོག་ར་ཁ་ཐོར་དུ་གནས་ཤིང་། འབྲོག་དུད་ཁག་གཅིག་ཤང་གྲོང་འཕྲོད་བསྟེན་ཁང་དང་བར་ཐག་སྤྱི་ལེ་བཅུ་ཕྲག་ཁ་ཤས་སམ་ཐ་ན་བརྒྱ་ལྷག་ཙམ་ཆོད་པ་དང་། འབྲོག་པས་རྫོང་གྲོང་དུ་ནད་བསྟེན་པར་ལམ་ཐག་དེ་བས་རིང་བ་འགྲོ་དགོས་ཀྱི་ཡོད།

    ས་ཐག་རིང་བའི་དཀའ་གནད་དེ་སེལ་དགོས་ན། དྲ་རྒྱར་བརྟེན་དགོས་ཀྱི་ཡོད། དེས་ན་རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་པའི་ཐོན་ཁུངས་འཁོར་རྒྱུག་ཐུབ་པ་དང་ཞབས་ཞུ་མདུན་ཕྱོགས་སུ་ཐུབ་པའི་དྲ་རྒྱ་ཞིག་ཆགས་པར་བྱེད་དགོས།

    དྲ་རྒྱ་འདི་ནི་ས་ཚིགས་མང་པོ་ཞིག་ལས་གྲུབ་ཡོད། “ཚན་ཁག་གིས་སྨན་ཁང་གི་སྣེ་ཁྲིད་པ་དང་སྨན་ཁང་རེར་ཐབས་ཇུས་རེ་ཡོད་པའི”ཁྱད་པར་ཅན་གྱི་བཀོད་པ་ཞིག་ཏུ་གྱུར་ནས་ས་ཚིགས་ཚང་མར་ནད་བརྟག་སྨན་བཅོས་ཀྱི་ནུས་པ་ཆེན་པོ་ལྡན་པར་བྱས་པ་སྟེ། བྱང་རྒྱུད་ཀྱི་རྩ་ཞོལ་ཤང་དང་ཉི་མ་ལྕང་རྭ་ཤང་གིས་ས་ཁོངས་ཀྱི་ལྟེ་གནས་དང་རྫོང་ཁོངས་སྨན་བཅོས་ཀྱི་ལྟེ་གནས་ཕལ་པ་གྲུབ་པ་དང་། རྨམ་པ་ཤང་དང་རུ་ཐོག་ཤང་གིས་བོད་ལུགས་གསོ་རིག་གི་ཁྱད་ཆོས་འབུར་དུ་ཐོན་པར་བྱས་པ། རྒྱ་མ་གྲོང་རྡལ་གྱིས་ཁེ་ལས་དང་འཕྲོད་བསྟེན་ཁང་ཟུང་དུ་འབྲེལ་བའི་རྣམ་པ་འཚོལ་ཞིབ་བྱས་པ། གུང་དཀར་གྲོང་རྡལ་གྱིས་རྫོང་སྨན་ཁང་གི་སྒོ་བསྟེན་སྨན་བཅོས་ཁང་བཙུགས་པ། བཀྲ་ཤིས་སྒང་ཤང་གིས་མྱུར་སྐྱོབ་ནུས་པར་ཤུགས་སྣོན་བརྒྱབ་པ། ཐང་སྐྱ་ཤང་དེ་ཉིད་སྤྱི་པའི་འཕྲོད་བསྟེན་དཔེ་སྟོན་ས་ཚིགས་སུ་བཙུགས་པ་བཅས་རེད།

    དྲ་རྒྱ་དེར་འདེགས་སྐྱོར་བྱེད་མཁན་ནི་བརྟན་ལ་རྒྱུན་མཐུད་ཆོག་པའི་མ་འཇོག་ལམ་སྲོལ་རེད། 2019ལོར་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པ་བཙུགས་ཚུན། མལ་གྲོ་གུང་དཀར་རྫོང་གིས་ལོ་ལྟར་རྫོང་ནོར་སྲིད་ཀྱི་ཡོང་འབབ་ཀྱི་1.8%ལས་མི་ཉུང་བར་གཞིགས་ཏེ་ཆེད་དོན་འགན་ལེན་མ་དངུལ་སྤྲད་པ་དང་། ཉེ་བའི་ལོ་གསུམ་རིང་སྒོར་ཁྲི་900ལྷག་ཙམ་ནས་སྒོར་ཁྲི་2500བར་འཕར་ཡོད་པ་རེད།

    དེའི་རྒྱབ་ཕྱོགས་ནས་མངོན་པ་ནི་བོད་ཀྱི་སྒོར་དུང་ཕྱུར་བརྒྱ་ཡི་རྫོང་དང་པོ་དེའི་གདིང་ཤུགས་ཡིན་པ་སྟེ། 2025ལོར་མལ་གྲོ་གུང་དཀར་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་196.69ཟིན་ཡོད། 2024ལོར་ས་གནས་དེ་གའི་ཆོག་མཆན་ཐོབ་པའི་རྫོང་ཁོངས་སྨན་བཅོས་གཅིག་མཐུན་ཚོགས་པའི་སྨན་བཅོས་འགན་བཅོལ་གྱི་དངུལ་འབོར་སྡེབ་སྤྲོད་ཚོད་ལྟའི་ལས་དོན་དེ་ནོར་སྲིད་དང་སྨན་བཅོས་འགན་བཅོལ་གྱི་འདེགས་ཤིང་གཉིས་ལ་བརྟེན་ནས་སྤེལ་བས། རྫོང་དང་། ཤང་། གྲོང་ཚོ་བཅས་ལ་ཁྱབ་པའི་སྨན་བཅོས་དྲ་རྒྱར་རྒྱུན་མཐུད་མཐུན་རྐྱེན་སྦྱར་བ་རེད།

    རྫོང་སྨན་ཁང་དང་། ཤང་འཕྲོད་བསྟེན་ཁང་། གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་སོ་སོས་ས་ཆ་རེ་རྩིས་ལེན་པ་དང་རིམ་པ་རེ་དོ་དམ་བྱས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་བྱས་པས། སྨན་བཅོས་ཞབས་ཞུ་སྒོ་རྩར་ཁྱབ་སྟེ་མང་ཚོགས་ཐག་ཉེ་སར་ནད་ལྟ་ཐུབ་པ་དང་ནད་ཡག་པོ་ལྟ་ཐུབ་ཡོད།

    ཡངས་ཤིང་རྒྱ་ཆེ་བའི་ས་མཐོར་དེ་བས་ཚགས་དམ་པའི་དྲ་རྒྱ་ཞིག་བསྐྲུན་ནས་ནད་པ་མི་རེ་ངོ་རེའི་སྲོག་རྩ་བརྟན་པོ་བསྲུངས་ཡོད།

    ཆུ་ཚད་མཐོ་བས་སྨན་བཅོས་ཡག་པོ་ཐུབ་པ།

    མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་ཕྱི་བཅོས་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་རུས་ནད་ཚན་ཁག་གི་སྨན་པ་སྤེན་པ་ཚེ་རིང་དཔྱི་ཚིགས་དང་པུས་ཚིགས་བརྗེ་བའི་གཤགས་བཅོས་མང་པོར་ཞུགས་པ་དང་ནན་ཅིང་དུ་སློབ་སྦྱོང་བྱེད་པར་འགྲོ་མྱོང་ཞིང་། ཁོང་གིས་དཔྱི་ཚིགས་དང་པུས་ཚིགས་བརྗེ་བའི་གཤགས་བཅོས་གཅིག་གི་བརྒྱུད་རིམ་ཧྲིལ་པོར་སློབ་སྦྱོང་བྱས་མོད། འོན་ཀྱང་གཤགས་བཅོས་སྐབས་ཀྱི་འགག་རྩའི་ལྷུ་ཚིགས་དག་སྔར་བཞིན་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་བྱེད་ཀྱི་ཡོད།

    བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྨན་པར་གཤགས་བཅོས་ཆ་ཚང་བྱེད་དུ་མི་བཅུག་པའི་རྒྱུ་མཚན་ནི་ཁོང་ཚོས་ལག་རྩལ་ཁོང་དུ་ཆུད་མེད་པས་རེད། དེས་ན་བོད་སྐྱོར་ཐོན་ཁུངས་ཡག་པོ་སྤྱད་དེ་ནམ་ཡང་གནས་ཐུབ་པའི་སྨན་བཅོས་རུ་ཁག་ཅིག་ཇི་ལྟར་གཏོད་དགོས་པའི་ཐད་མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་ལོ་འདི་དག་རིང་བྱ་བ་གཉིས་ལེགས་པར་བསྒྲུབས་པ་སྟེ།

    གཅིག་ནི་ཀུན་ལ་བྱང་བ་ཞིག་ཆགས་པའི་རེ་བ་མི་བྱེད་པར་དགོས་མཁོར་གཞིགས་ནས་ཞན་ཆ་བསལ་བ་དེ་རེད། ས་མཐོའི་མང་ཚོགས་ལ་རུས་སོབ་ནད་དང་། རུས་ཚིགས་ཀྱི་ནད་འགྱུར། འཇུ་ལམ་གྱི་ནད་བཅས་མང་པོ་ཐོན་གྱི་ཡོད། སྨན་ཁང་གིས་མང་ཚོགས་ཀྱི་དགོས་མཁོ་ཆེ་ཤོས་དང་རྫོང་ཁོངས་ཀྱི་ཞན་ཆ་ཆེ་ཤོས་ཡིན་པའི་ལག་རྩལ་ཁྱབ་ཁོངས་ལ་དམིགས་ནས་ཁ་གཏད་བོད་སྐྱོར་ཐོན་ཁུངས་ལ་གང་ལེགས་བརྟེན་ཏེ། ནན་ཅིང་གི་བོད་སྐྱོར་གྱིས་སྔ་རྗེས་སུ་རུས་ནད་ཚན་ཁག་དང་འཇུ་བྱེད་ཁོག་ནད་ཚན་ཁག་སོགས་གཙོ་གནད་ཚན་ཁག་གི་རིགས་གཅིག་མཁས་ཅན་སྨན་ཁང་དུ་རྩལ་ཁྲིད་བྱེད་པར་མངགས་པ་རེད།

    གཅིག་ཤོས་ནི་དགེ་རྒན་གྱིས་དགེ་ཕྲུག་འཁྲིད་པ་དང་། ཟབ་སྦྱོང་། རིམ་བཞིན་གཤགས་བཅོས་པ་གཙོ་བོ་བྱེད་པ་བཅས་ཟུང་དུ་འབྲེལ་བའི་ཤེས་ལྡན་པ་གསོ་སྐྱོང་གི་སྦྲེལ་ཐག་བཏོད་པ་དེ་རེད། བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་གཤགས་བཅོས་དཔེ་སྟོན་དང་། ནད་དཔེར་དབྱེ་ཞིབ། རིག་གཞུང་སློབ་ཁྲིད། རྒྱང་བསྟེན་མཛུབ་ཁྲིད་བཅས་བྱས་ཏེ། ས་གནས་དེ་གའི་སྨན་པ་གཤགས་བཅོས་བྱེད་སྐབས་ཟུར་ལྟ་བྱེད་མཁན་ནས་མཉམ་དུ་གཤགས་བཅོས་བྱེད་པའི་བར་དང་དེ་ནས་རང་རྐྱ་འཕེར་ཏེ་གཤགས་བཅོས་བྱེད་པའི་བར་འཚར་ལོངས་ཡོང་བར་བྱས་ཡོད། ད་ཆ། ས་གནས་དེ་གའི་སྨན་པས་རུས་པའི་ཆག་བཅིངས་དང་། རྐེད་ཚིགས་རྨ་ཆུང་གཤགས་བཅོས། ཟུག་མེད་ཕོ་ཤེལ་བརྟག་དཔྱད་སོགས་དེ་སྔ་རྫོང་ཁོངས་སུ་བྱེད་ཐབས་བྲལ་བའི་ལག་རྩལ་གསར་པ་སྤྱད་དེ་སྔོན་ཐོན་གྱི་སྨན་བཅོས་ལག་རྩལ་ས་མཐོར་དངོས་སུ་ཁྱབ་གདལ་བཏང་ཡོད།

    བོད་ཀྱི་གསོ་བ་རིག་པ་དེ་ཐབས་ལམ་གཞན་ཞིག་གི་ཐོག་ནས་ཁྱབ་གདལ་བཏང་བ་སྟེ། ས་མཐོར་ལོ་ངོ་སྟོང་ཕྲག་རྒྱུན་འཛིན་བྱས་པའི་ནད་བརྟག་སྨན་བཅོས་ཀྱི་ཉམས་མྱོང་དེ་བསྐྱར་དུ་སྤྱོད་ཆོག་པའི་སྨན་བཅོས་ནུས་པར་འགྱུར་བར་བྱས་ཡོད།

    ས་མཐོའི་མང་ཚོགས་ཀྱིས་བོད་ཀྱི་གསོ་བ་རིག་པར་ཡིད་ཆེས་བྱེད་པའི་དོན་དངོས་ལ་གཞིགས་ཏེ། མལ་གྲོ་གུང་དཀར་རྫོང་མི་དམངས་སྨན་ཁང་གིས་སྨན་བཅོས་སྒྱུར་བཅོས་ཁྲོད་བོད་ལུགས་དང་ཕྱི་ལུགས་གསོ་རིག་གི་མཉམ་འབྲེལ་སྨན་བཅོས་བྱེད་སྟངས་ཁྱབ་གདལ་བཏང་བ་དང་། ནད་བབ་ཡང་བ་དང་གཅོང་ནད་རིགས་ལ་བོད་ལུགས་གསོ་རིག་གི་ཁྱད་ལྡན་སྨན་བཅོས་བྱེད་ཐབས་ལ་བརྟེན་ནས་ལུས་ཁམས་གསོ་ཐབས་དང་། ནད་བབ་ལྕི་བ་དང་དབང་རྩའི་རང་བཞིན་གྱི་ནད་འགྱུར་ལ་དེང་རབས་གསོ་རིག་གི་གནད་སྨིན་བཅོས་ཐབས་སྤྱོད་པ་དང་། གཤགས་བཅོས་བྱས་རྗེས་བོད་ལུགས་གསོ་རིག་གི་ལུས་ཁམས་གསོ་ཐབས་སྤྱད་དེ། ས་མཐོའི་ནད་རིགས་དང་འཚམ་པ་དང་མང་ཚོགས་ཀྱི་གོམས་གཤིས་དང་འཚམ་པའི་གཞི་གཅིག་ཅན་གྱི་སྨན་བཅོས་ཇུས་གཞི་ཞིག་ཆགས་ཡོད་པ་རེད།

    སྲོལ་རྒྱུན་གྱི་བོད་ཀྱི་གསོ་བ་རིག་པ་དེ“རྒྱན་སྤྲོས་རྣམ་གྲངས”ཙམ་མིན་པར་རྫོང་ཁོངས་ཀྱི་སྨན་བཅོས་སྒྱུར་བཅོས་ཀྱི་སྤུས་འབྲས་ལེགས་གཉེར་དང་དམངས་འཚོར་ཕན་འདོགས་པའི་ལྟེ་བའི་འདེགས་སྐྱོར་སྟོབས་ཤུགས་ཤིག་རེད།

    ལམ་སྲོལ་ལེགས་པས་འཁོར་སྐྱོད་ཡག་པོ་ཐུབ་པ།

    2026ལོའི་ཟླ་6ཚེས་9ཉིན། ལྗོངས་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་གི་སྤུས་འབྲས་ལེགས་གཉེར་གྱི་ས་གནས་ས་ཐོག་གི་ཚོགས་འདུ་མལ་གྲོ་གུང་དཀར་རྫོང་དུ་འཚོགས་པ་རེད། དེ་རྗེས་ས་གནས་ཁག་གི་འཕྲོད་བསྟེན་ཁོངས་གཏོགས་ཀྱང་རིམ་བཞིན་དེར་ཞུགས་པ་རེད།

    ལྟ་སྦྱོང་རྒྱུན་མི་ཆད་པར་བྱེད་པ་ནི་སྒྱུར་བཅོས་ཀྱི་ཕན་འབྲས་ལ་ཁས་ལེན་བྱས་པ་ཞིག་རེད་ལ། དོགས་གནད་གཉིས་སེལ་ཆེད་ཡིན་པ་སྟེ། གཅིག་ནི་སྒྱུར་བཅོས་ཀྱི་མ་དཔེ་ཡིན་པའི་སྨན་ཁང་རྒྱུན་མཐུད་ཐུབ་མིན་དང་། གཅིག་ཤོས་ནི་གྲོང་ཁྱེར་དང་རྫོང་གཞན་དག་ལ་འདྲ་བཟོ་ཆོག་པའི་ཉམས་མྱོང་མཁོ་འདོན་བྱེད་ཐུབ་མིན་དེ་རེད།

    “མ་དངུལ་གཅིག་སྡུད་ཐུབ་མིན་དང་། མི་གཞི་རིམ་དུ་འགྲོ་འདོད་ཡོད་མེད། གཞི་རིམ་གྱི་སྨན་བཅོས་འཐབ་ས་སྲུང་ཐུབ་མིན་བཅས་ཀྱིས་སྒྱུར་བཅོས་ཡུན་རིང་གནས་ཐུབ་མིན་དང་ཡང་ན་མིང་སྟོང་པ་ཙམ་དུ་གྱུར་པ་ཞིག་ཡིན་མིན་ཐད་ཀར་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཁོངས་མི་དང་ཀྲུའུ་རེན་གཞོན་པ་ཏིང་རན་གྱིས་དོགས་གནད་དང་པོར་བསམ་གཞིག་གཏིང་ཟབ་བྱས་ནས་དེ་ལྟར་བརྗོད།

    དོན་དངོས་ཐོག་མལ་གྲོ་གུང་དཀར་རྫོང་སྨན་ཁང་གིས་སྔོན་ལ་ལམ་སྲོལ་ཆ་ཚང་ཞིག་ཚོད་ལྟ་བྱས་ནས་སྨན་བཅོས་སྒྱུར་བཅོས་བརྟན་ཐོག་ཡར་འཕེལ་ཡོང་བར་འདེགས་སྐྱོར་བྱས་ཡོད།

    དཔེར་ན། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་སྨན་བཅོས་སྒྲིག་གཞིས་ཁེར་རྐྱང་དུ་ལས་དོན་སྒྲུབ་པའི་བྱེད་སྟངས་རྙིང་པར་དམིགས་ནས། མལ་གྲོ་གུང་དཀར་གྱིས་རྫོང་མི་དམངས་སྨན་ཁང་སྣེ་འདྲེན་དུ་བྱས་ཏེ་སྨན་བཅོས་གཅིག་མཐུན་ཚོགས་པ་བཙུགས་ནས། “རྫོང་གིས་དོ་དམ་དང་ཤང་གིས་བེད་སྤྱོད་དང་སྤྱི་འདོམས་བཀོད་སྒྲིག”ཁྱབ་གདལ་བཏང་སྟེ། ཤེས་ལྡན་པ་དང་། སྒྲིག་ཆས། སྨན་རྫས། སྤུས་ཚད་ཚོད་འཛིན་གྱི་ཚད་གཞི་བཅས་ཇུས་གཞི་ཆེན་པོའི་ནང་བཞག་ནས་སྤྱི་འདོམས་བཀོད་གཏོང་བྱས་པ་དང་འབྲེལ་དེའི་རྨང་གཞིའི་ཐོག“གྲལ་བཤེར་དང་། སྨན་བཅོས། འཁོར་རྒྱུག དྲག་སྐྱེད། བློ་འདྲི”བཅས་ཀྱི་གདུབ་ཟུམ་དོ་དམ་ཆགས་པར་བྱས་ཡོད།

    མལ་གྲོ་གུང་དཀར་གྱི་འགག་རྩའི་སྒྱུར་བཅོས་ཀྱི་ཁ་ཕྱོགས་འགའ་ཞིག་ལ་དབྱེ་ཞིབ་བྱས་ན་འདི་ལྟར་ཏེ། དམ་ཟབ་རྣམ་པའི་སྨན་བཅོས་གཅིག་མཐུན་ཚོགས་པས་མང་ཚོགས་ཐག་རིང་པོར་ནད་ལྟ་བར་སྐྱོད་པའི་དཀའ་གནད་བསལ་བ་དང་། བྱ་ཐབས་དེ་ནི“སྤྱིར་བཏང་ནད་གཞི་གྲོང་ཁྱེར་དང་རྫོང་དུ་སྨན་བཅོས་བྱེད་པའི”བླང་བྱ་དང་མཐུན་ཡོད། མི་རིགས་ཀྱི་གོམས་སྲོལ་ལ་བརྩི་འཇོག་བྱས་ནས་བོད་ལུགས་དང་ཕྱི་ལུགས་གསོ་རིག་མཐུན་སྦྱོར་ངང་སྨན་བཅོས་སྒྱུར་བཅོས་ཀྱི་སྒྲོམ་གཞི་གཙོ་བོའི་ནང་བཅུག་པ་ལས“ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ”དང“ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱེད་པའི”བྱེད་ཕྱོགས་དོན་འཁྱོལ་བྱས་པ་མངོན་གྱི་ཡོད། ས་གནས་དེ་གའི་ནད་གཞིའི་ཁྱད་ཆོས་དམིགས་ནས་གཙོ་གནད་ཆེད་ཚན་གཏན་འཁེལ་བྱས་པ་ལས་སྔོན་འགོག་གཙོ་བོར་བྱེད་པ་དང་མ་བྱུང་སྔོན་འགོག་གི་བསམ་ཕྱོགས་མངོན་གྱི་ཡོད། བོད་སྐྱོར་སྟོབས་ཤུགས་ལ་བརྟེན་ནས“རང་བརྟེན་ཤེས་ལྡན་པ་གསོ་སྐྱོང”བྱེད་པའི་ཕྱོགས་ས་ནི་གཞི་རིམ་དུ་ཤེས་ལྡན་པ་དཀོན་པའི་ཞན་ཆ་སེལ་ཆེད་རེད། ཞིང་འབྲོག་པའི་འཚོ་བའི་གོམས་གཤིས་དང་བསྟུན་ནས་ཞབས་ཞུའི་མཁོ་སྤྲོད་ལེགས་སྒྲིག་བྱེད་སྐབས་ལག་ལེན་བསྟར་བ་ནི་མི་དམངས་ཀྱི་བདེ་ཐང་གཙོ་བོར་འཛིན་པའི་རིན་ཐང་དོན་གཉེར་བྱེད་ཕྱོགས་རེད། དེ་དག་གང་རུང་ཞིག་ནི་རང་ངོས་ལ་གཞི་ཚུགས་ནས་ཐབས་ལམ་འཚོལ་ཞིབ་བྱས་པ་ཞིག་རེད་ལ། དེ་བས་ས་གནས་དེ་གའི་དོན་དངོས་དེ་སྒྱུར་བཅོས་ཀྱི་འགོ་འཛུགས་སར་བྱས་པ་རེད།

    རྒྱལ་ཁབ་ཀྱི་མཛད་ཕྱོགས་ནི“ཁ་ཕྱོགས་ཆེན་པོ”ཡིན་པ་དང་། རྫོང་གི་བྱེད་ཐབས་ནི“དོན་ལ་བབས་ས”རེད། རྫོང་ཁོངས་ཀྱི་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལ་ཚད་ལྡན་གྱི་དྲིས་ལན་ཞིག་མེད་རུང་ས་གནས་དེ་གར་འཚམ་པའི་སྒྱུར་བཅོས་བྱེད་རྒྱུ་དེ་ནི་བདེན་དོན་རེད། ཐམས་ཅད་དོན་དངོས་ནས་འགོ་བཙུགས་ཏེ་མང་ཚོགས་ཀྱི་དགོས་མཁོ་དངོས་ཤེས་རྟོགས་ཐུབ་ཚེ་སྒྱུར་བཅོས་ཀྱི་ཐབས་ལམ་ཡང་དག་འཚོལ་ཐུབ་པ་དང་སྒྱུར་བཅོས་ཀྱི་རྒྱུགས་ལན་ཡག་པོ་བྲིས་ཐུབ་ནས་མི་རིགས་ཁག་གི་མང་ཚོགས་ཚོས་སྒོ་འགྲམ་དུ་དེ་བས་སྤུས་ལེགས་དང་། དེ་བས་སྟབས་བདེ། དེ་བས་བློ་བདེ་བ་བཅས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།