འཁྱགས་སའི་ཡུལ་བརྟན་སྲུང་བྱེད་མཁན་མེ་གསོད་རུ་ཁག་ཅིག
“རྒྱལ་ཡོངས་ཀྱི་119མེ་གསོད་སྔོན་ཐོན་མཉམ་སྡེབ”ཀྱི་མཚན་སྙན་ཐོབ་པའི་མཚོ་གཉིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་སྐོར་བཀོད་པ།
བོད་བྱང་ཐང་གི་མཐིལ་དུ་གནས་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་གི་ཆ་སྙོམས་ས་བབ་ལ་སྨི་5000ཟིན་པ་དང་། དེའི་ཁྲོད་ཀྱི་སྤྱི་ལེ་ངོས་གྲུ་ཁྲི་11.64ཡི་ཡངས་ཤིང་རྒྱ་ཆེ་བའི་མི་མེད་ལུང་སྟོང་དུ་འབྲོག་དུད་ཐར་ཐོར་དུ་གནས་པ་དང་། ལོ་འཁོར་མོར་གྲང་ངར་ཆེ་ཞིང་ཁ་བ་བུ་ཡུག་འཚུབ་ཀྱི་ཡོད།
མཚོ་གཉིས་རྫོང་གི་ས་ཁོངས་ཧྲིལ་པོར་ནགས་ཚལ་གྱི་ཐོན་ཁུངས་མེད་ཀྱང་མེ་སྐྱོན་འབྱུང་ཉེན་ཆེན་པོ་ཡོད། 2023ལོར་མཚོ་གཉིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་བཙུགས་ཚུན། བཀོད་འཐབ་པ་12ཀྱིས་འཁྱགས་སར་གཞི་ཚུགས་ནས་སྲོག་གནས་དཀའ་ཁུལ་དུ་མེ་གསོད་རུ་མིའི་སྙིང་སྟོབས་མངོན་པར་བྱས་ཡོད།
“ང་ཚོའི་རྫོང་གི་མཚེར་ས་རིང་ཤོས་ལ་རྫོང་གྲོང་དང་བར་ཐག་སྤྱི་ལེ་220ཡོད་པ་དང་འབྲོག་པའི་སྡོད་གནས་ཁ་ཐོར་ཡིན་པའི་ཁར། སྔོན་ཆད་མང་ཚོགས་ཚོའི་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཧ་ཅང་ཞན་པོ་ཡོད”ཅེས་མཚོ་གཉིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་རུ་དཔོན་རྒན་པ་བསྟན་པ་ཚེ་རིང་གིས་ནན་ཏན་ངང་བཤད།
ཁོངས་གཏོགས་ཁུལ་གྱི་དཀའ་གནད་ལ་དམིགས་ནས། རུ་ཆེན་གྱིས་ཏང་འཛུགས་སྐྱོང་སྣེ་ཁྲིད་དུ་བྱས་ཏེ་ཏང་ཡོན་ཁག་བགོས་འགན་གཙང་གི་འགན་འཁྲིའི་ལམ་ལུགས་ཁྱབ་གདལ་བཏང་ཡོད།
ཏང་ཡོན་གྱིས་སྣེ་ཁྲིད་དེ་གྲོང་གསེབ་དང་། དགོན་སྡེ། གུར་ས། འདུ་འཛོམས་བྱ་ཡུལ་བཅས་སུ་བསྐྱོད་དེ་བོད་རྒྱ་སྐད་གཉིས་ནས་རྒྱུན་རྣམ་ཅན་གྱི་མེ་གསོད་ཀྱི་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་བྱས་ཤིང་། འབྲོག་པར་མེ་གསོད་ཡོ་བྱད་སྤྱོད་སྟངས་དང་མེ་སྐྱོན་ཐོན་མ་ཐག་མེ་གསོད་ཐབས་དམར་ཁྲིད་བྱས་ནས། ཉེན་བརྡ་གཏོང་སྟངས་དང་སྲོག་ཉེན་ལས་ཐར་ཐབས་སོགས་མང་ཚོགས་ཀྱི་སེམས་ནང་ཟུག་པར་བྱས་ཡོད། རྫོང་ཁོངས་ཀྱི་ཚོང་ཁང་དང་། སྣུམ་སྣོན་ས་ཚིགས། དགོན་སྡེ་བཅས་ལ་གསལ་ཐོ་ཅན་གྱི་གྲལ་བཤེར་བྱས་པ་མ་ཟད། ཐག་རིང་ལུང་ཁུག་གི་འབྲོག་ཁུལ་དུ་ས་ཡུལ་དངོས་ཀྱི་ཞིབ་བཤེར་དང་དྲ་ཐོག་གི་ལྟ་སྐུལ་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ། གློག་སྐུད་རྙིང་པ་ཆགས་པ་དང་། དྲོད་ལེན་པ། གཟན་ཆག་སྤུངས་པ་སོགས་ཀྱི་ཉེན་ཁར་དམ་པོར་དམིགས་ནས། མངོན་མེད་རྐྱེན་ངན་གྱི་རྩིས་ཁྲ་བཟོས་པ་དང་བཀག་སྡོམ་དག་ཐེར་བྱས་ཏེ་འབྲོག་ཁུལ་གྱི་མེ་གསོད་བདེ་འཇགས་དྲ་བ་ཕྱོགས་ཡོངས་ནས་ཚགས་ཚུད་ཡོང་བར་བྱས་ཡོད།
“གཞི་རིམ་གྱི་མེ་གསོད་ལས་དོན་ཉིན་ལྟར་བསྒྲུབས་པར་ཕན་འབྲས་ཀྱང་མངོན་གསལ་དོད་པོ་ཐོན་ཡོད་དེ། མིག་སྔའི་བར་ཁོངས་གཏོགས་ཁུལ་དུ་མེ་སྐྱོན་ཆེ་གྲས་དང་། མི་འཆི་རྨས་ཀྱི་མེ་སྐྱོན། རྩྭ་ཐང་ཡུག་གཅིག་འཚིག་པའི་མེ་སྐྱོན་ཆེན་པོ་བཅས་གཅིག་ཀྱང་ཐོན་མེད” ད་ཆ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ལ་མེ་གསོད་བདེ་འཇགས་རྒྱུན་ཤེས་ཁྱབ་གདལ་གཏོང་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས། གུར་དུ་གློག་སྤྱོད་པ་དང་། དྲོད་ལེན་པ། གཟན་ཆག་སྤུངས་པ་སོགས་ཀྱི་རྒྱུན་མཐོང་མངོན་མེད་རྐྱེན་ངན་རང་བརྟེན་ངང་གྲལ་བཤེར་ཐུབ་པ་དང་། འབྲོག་པ་མང་ཆེ་བས་གློག་བསད་རྗེས་མེ་གསོད་པ་དང་། བྱེ་མ་གཤོས་ནས་མེ་གསོད་པ། མེ་ཆུང་ངུ་ནས་གསོད་པ་སོགས་སྤྱིར་བཏང་གི་མེ་གསོད་སྟངས་རང་རྐྱ་འཕེར་པོས་ཁོང་དུ་ཆུས་པས། རང་འགུལ་ངང་མེ་སྐྱོན་སྔོན་འགོག་དང་། མི་མངོན་པའི་རྐྱེན་ངན་སྙན་སེང་ཞུ་བ། སྐོར་ཞིབ་ལ་གཞོགས་འདེགས་བྱེད་པ་བཅས་ཀྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་ཕྱིན་ཡོད་ཅེས་བསྟན་པ་ཚེ་རིང་གིས་བཤད།
2025ལོའི་ཟླ་12ཚེས་11ཉིན་གྱི་ཆུ་ཚོད་19དང་སྐར་མ་59ཡི་ཐོག་མཚོ་གཉིས་རྫོང་དུ་ས་ཡོམ་རིམ་པ་5.0བརྒྱབ་པ་རེད།
རུ་ཆེན་གྱི་ནོར་དོན་ལས་ཀ་བྱེད་མཁན་བསོད་ནམས་ཆོས་སྒྲོན་གྱིས་སྐབས་དེའི་གནས་ཚུལ་ད་ལྟའང་གསལ་ལེར་དྲན་བཞིན་དུ“ང་ཚོ་མི་ཁ་ཤས་གཞུང་ལས་ཁང་དུ་ལས་དུས་འཕར་མ་བྱེད་པའི་སྐབས་གློ་བུར་དུ་ཆ་སྒམ་དང་རྐུབ་སྟེགས་ཡམ་ཡོམ་བྱས་སོང་བས། རུ་ཁག་ཡོངས་ཀྱི་རུ་མི་ཚོས་སྐར་མ་བཅུའི་ནང་རྡོག་ཐོན་གྱི་གྲ་སྒྲིག་བྱས་ནས་མཚན་མོ་དེ་རང་དུ་ཡོམ་འགོག་གྲལ་བཤེར་ནང་ཞུགས་པ་ཡིན”ཞེས་བཤད།
“མཚན་མོ་དེར་ལྷགས་པ་ཆེན་པོ་བརྒྱབ་པས་སྐད་ཆ་ཤོད་སྐབས་ཀྱང་སྐད་ཤུགས་ཆེན་པོ་རྒྱག་དགོས་ལ། ཁ་རས་ཀྱང་ལམ་སེང་འཁྱགས་ཐེབས་ནས་མཁྲེགས་པོ་ཆགས་ཀྱི་འདུག”ཅེས་རུ་ཆེན་གྱི་བཀོད་འཐབ་པ་རྡོ་རྗེ་རིག་འཛིན་གྱིས་བཤད་པ་དང་། ཁོང་གིས། རུ་མི་ཚོས་ཚོགས་ཆུང་ཁག་བགོས་ནས་ཏང་སྲིད་ཀྱི་གཙོ་གནད་ཁུལ་དང་། འཕྲོད་བསྟེན་ཁང་། བཀོད་སྒྲིག་ཁུལ་ཆུང་། མང་ཚོགས་ཀྱི་སྡོད་ཁང་རྙིང་པ། ཚོང་ཁང་། འབར་གས་སླ་བའི་ས་ཆ་བཅས་ལ་ལེབ་བཤེར་བྱས་ཡོད་ལ། ཁང་པའི་གྲུབ་ཆ་རེ་རེ་བཞིན་ལ་ཞིབ་བཤེར་དང་། དུད་ཚང་རེ་རེ་བཞིན་དུ་བསྐྱོད་དེ་མང་ཚོགས་ལ་སེམས་གསོ་བཏང་བ། འབར་རླངས་དང་ཆུ་གློག་གི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར། ཟགས་སླ་བའི་དངོས་པོ་གཙང་སེལ། གཏོར་སྐྱོན་ཕོག་ཚུལ་ཐོ་འགོད་བྱས་པ་ཡིན་ཞེས་བཤད།
“ངའི་ལག་པ་འཁྱགས་ནས་སྨྱུ་གུ་བཟུང་མ་ཐུབ་པས་ཐོ་འགོད་རེའུ་མིག་ལ་ཡི་གེ་ཡག་པོ་འབྲི་མ་ཐུབ་ནའང་དུད་ཚང་གཅིག་ཀྱང་ལུས་མེད”ཅེས་བསོད་ནམས་ཆོས་སྒྲོན་གྱིས་བཤད་པ་དང་། ཁོང་གིས། ཟླ་12ཚེས་11ཉིན་གྱི་ཆུ་ཚོད་23བར། རུ་ཆེན་གྱིས་རྫོང་གྲོང་དང་ཉེ་འཁོར་གྱི་གྲོང་ཚོ་2ཀྱི་དུད་ཚང་321དང་མི་526ལ་གྲལ་བཤེར་བྱས་ནས། དེའི་ཁོངས་སུ་མི་ཤི་རྨས་དང་ཁང་པ་རྡིབ་པའི་གནས་ཚུལ་གཅིག་ཀྱང་མ་ཐོན་པར་བྱས་པ་མ་ཟད། འཕྲིན་གཏོང་དང་གློག་ཤུགས་རྒྱུན་གཏན་ལྟར་མཁོ་འདོན་ཐུབ་པའི་འགན་ལེན་ཡང་བྱས་ཡོད་ཅེས་བཤད།
ཉེ་དུས་རི་སྐྱེས་སྲོག་ཆགས་ལ་རོགས་སྐྱོབ་བྱས་པའི་སྐོར་གླེང་སྐབས“བྱང་ཐང་དུ་མི་དང་སྲོག་ཆགས་ཀྱི་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ནི་སྔར་ནས་བཟུང་གལ་ཆེ་མཉམ་འཛིན་གྱི་ལས་དོན་ཞིག་རེད”ཅེས་བསྟན་པ་ཚེ་རིང་གིས་བཤད་པ་དང་། ཁོང་གིས། 2026ལོའི་ཟླ་7པར། རུ་ཆེན་གྱི་བཀོད་འཐབ་པས་སྐོར་སྲུང་བྱེད་རིང་གཙོད་རྨས་མ་གཅིག་མཐོང་ནས་སྨན་བཅོས་ཞིབ་ཚགས་བྱས་རྗེས་ནགས་རྩྭ་སྡེ་ཚན་ལ་སྐྱོབ་བཅོས་བྱེད་པར་རྩིས་སྤྲད་པ་ཡིན་ཞེས་བཤད།
“གངས་ལྗོངས་ས་མཐོ་རུ་དུས་བདེ་སྲུང་། མེ་ཟོགསོད་་དམག་མིས་ཁྱིམ་གཞིས་སྲུང”དང“མྱ་ངམ་ཐང་དུ་ཉེན་ཁ་འཕྲད་པའི་སྐབས། མེ་གསོད་རུ་མིས་རོགས་སྐྱོབ་ཧུར་ཐག་བྱས”ཞེས་པ་སོགས་འཁོད་པའི་གོས་དར་5རུ་ཆེན་གྱི་གཞུང་ལས་ཁང་གི་གྱང་ལྡེབས་སུ་གྲལ་འགྲིག་པོས་བཀལ་ཡོད།
བསྟན་པ་ཚེ་རིང་གིས་གོས་དར་ལ་མཛུབ་མོ་འཛུགས་ཀྱིན“འདི་ནི་2026ལོའི་ཟླ་6པར། བྱང་ཐང་དུ་རོགས་སྐྱོབ་བྱས་རྗེས་མང་ཚོགས་ཀྱིས་སྤྲད་པ་ཞིག་རེད། འདི་ནི་ཟླ་བ་དེ་རང་ལ་མཚོ་སྦྲེལ་བྱང་མ་ཤང་གི་རླུང་བུའི་གནོད་འཚེ་བསལ་རྗེས་ཤང་ལ་བསྐྱལ་བ་ཞིག་རེད། ད་དུང་འདི་ནི་ད་ལོའི་ཟླ་2པར་རླངས་འཁོར་འདམ་ནང་དིམ་ནས་དོན་མི་ཐུབ་པའི་མང་ཚོགས་2ལ་རོགས་སྐྱོབ་བྱས་རྗེས་ཁོང་ཚོས་ཆེད་མངགས་སྤྲད་པ་ཞིག་རེད”ཅེས་ངོ་སྤྲོད་བྱས།
སྐད་ཆ་ཤོད་མཚམས་འཇོག་བཞིན་པའི་ཁོང་གིས“བྱ་བ་དེ་དག་ཚང་མ་བྱེད་འོས་པ་ཞིག་རེད། མང་ཚོགས་ཀྱིས་ང་ཚོ་ངེས་ནས་ཡོད་པས། ང་ཚོས་ཁོང་ཚོའི་ཡིད་ཆེས་ཆུད་ཟོས་སུ་གཏོང་མི་རུང”ཞེས་བཤད།
མཚོ་གཉིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་འཐབ་འཛིང་པ་ཡོངས་ཀྱིས་རང་ཉིད་ཀྱི་ལྷག་བསམ་འགན་འཁྲི་ཁ་བ་བུ་ཡུག་འཚུབ་པའི་སྐོར་གཡེང་ནས་མངོན་པར་བྱས་ལ། དམངས་ཆེད་མཐའ་འཁྱོངས་བྱེད་པའི་ཁྲོད་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཁེ་གྲགས་མེད་པར་བྱང་ཐང་གི་ས་གཞི་ཆེ་མོའི་ཁྱིམ་ཚང་མང་པོར་དུས་བདེ་ལྷིང་འཇགས་ཡོང་བར་གཞོལ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།