རྟ་བཞོན་ནས་མཐའ་མཚམས་སྐོར་བའི་ཟིན་ཐོ།

འདི་ནི་མཐའ་སྲུང་རུ་ཁག་མཐའ་མཚམས་སྐོར་ཞིབ་བྱ་ཡུལ་དུ་འབྱོར་བ།
སྐྱ་མདའ་བཏང་བའི་མཚམས་སུ། གྲོང་ཚོ་ཡོངས་སུ་གནམ་གཤིས་ལྷག་པར་གྲང་མོད། འོན་ཀྱང་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་བར་ཁ་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་འཁྲུག་ཆ་དོད་པའི་རྣམ་པས་ཁེངས། རྟའི་རྨིག་སྒྲ་དང་འཚེར་སྐད་དེ་བཞིན་ཡུལ་མི་ཚོའི་ཅི་འཕྲོས་མོལ་འཕྲོས་ཤོད་པའི་སྒྲ་ཡིས་ལྷིང་འཇགས་སུ་གནས་པའི་རི་ཁུག་དེ་མ་ཉིད་དུ་གཉིད་ལས་ཧད་ཀྱིས་དཀྲོག
དྲོད་སྲུང་གྱོན་ཆས་མཐུག་པོ་དང་རླུང་འགོག་ཞྭ་མོ་གྱོན་པའི་མཐའ་སྲུང་བ་བསོད་ནམས་དོན་གྲུབ་ཀྱིས་རང་ཉིད་ཀྱི་བཞོན་རྟའི་འཁྲིས་སུ་ཕྱིན་ནས་རྟའི་ཟེ་རྔོག་ལ་བྱིལ་བྱིལ་བྱས་པ་དང་། དེ་ནས་ཆག་སྐྱོགས་གང་ཁྱེར་ནས་ཆག་གཞོང་ནང་བླུགས་མ་ཐག རྟ་དེས་ཀྱང་དེ་མུར་མགོ་སྒུར་སྒུར་དང་བཅས་ཏེ་ཆག་ཟ་འགོ་ཚུགས།
བར་ཁ་གྲོང་ཚོའི་ལྟ་སྐུལ་ཨུ་ལྷན་གྱི་ཀྲུའུ་རེན་དངོས་གྲུབ་རྡོ་རྗེས་མཚམས་རེ་རུ་མི་ཚོར་ལབ་པར་ཡག་པོ་སྤྱོད་ཐུབ་མིན་ལྟ་དགོས་པའི་མངགས་བྱ་བྱས་པ་དང་། ཡང་མཚམས་རེ་དངོས་ཟོག་ཚང་མིན་ཞིབ་པར་བལྟས། ད་ཐེངས་ནི་ཁོང་གིས་རུ་སྣེ་ཁྲིད་ནས་མཐའ་མཚམས་སྐོར་ཞིབ་ལ་སྐྱོད་རྩིས་ཡོད།
གྲ་སྒྲིག་ཨང་བསར་བྱས་རྗེས་དངོས་གྲུབ་རྡོ་རྗེས་རྒྱལ་དར་མཐོན་པོར་བསྒྲེངས་ནས་ཚང་མར་རྟ་ལ་བཞོན་ནས་ཐོན་རྩིས་བྱེད་པར་སྐུལ། རླུང་བུ་བསིལ་བསིལ་དུ་ལྡང་བ་དང་མཐའ་མཚམས་ཀྱི་ཡུལ་སྡེར་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
“འདི་གར་རི་མཐོ་ལ་ལམ་གཟར་བའི་ཁར་སྐོར་ཞིབ་ཀྱི་ལམ་ཐག་རིང་བས། རླངས་འཁོར་སྤྱིར་ན་འགྲོ་ཐུབ་ཀྱི་མེད། རྟ་ནི་འདི་གའི་ཀྱག་ཀྱོག་གི་རི་ལམ་ལ་སྔ་ས་ནས་གོམས་ཡོད་པས། ང་ཚོའི་བློས་འཁེལ་ཤོས་ཀྱི་གྲོགས་པོ་རེད”ཅེས་དངོས་གྲུབ་རྡོ་རྗེས་འགྲོ་གིན་དེ་ལྟར་བཤད། བར་ཁ་གྲོང་ཚོར་མཐའ་མཚམས་སྐོར་ཞིབ་ལ་སྤྱོད་པའི་རྟ་ཕོ་30ལྷག་ཙམ་ཡོད་པ་དེ་དག་ཚོགས་ཆུང་6ལ་བགོས་ཤིང་། ཁ་བ་བུ་ཡུག་འཚུབ་པ་སོགས་གནམ་གཤིས་ངན་པ་ཇི་ལྟར་བསྟན་རུང་། ཉིན་རེའི་སྐོར་ཞིབ་མ་འཕྱུགས་པར་བྱེད་ཀྱི་ཡོད།
དཔུང་ཁག་གི་རྗེས་སུ་འབྲངས་ནས་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐྱོད་སྐབས། གསར་འགོད་པས་གཞི་ནས་དེ་གའི་འགྲོ་ལམ་གྱི་ཉེན་ཁ་དང་མཐའ་སྲུང་གི་དཀའ་ཚེགས་ཇི་འདྲ་ཡོད་མེད་དངོས་འབྲེལ་མྱོང་ཚོར་བྱུང་། རྐང་འོག་གི་འགྲོ་ལམ་རྡོ་ཧྲུག་གིས་ཁེངས་ནས་ཁོད་སྙོམས་པོ་མེད་པའི་ཁར་གཞོགས་གཅིག་ནི་གཡང་གཟར་ལ་རོང་གཏིང་རིང་བ་དང་གཞོགས་གཞན་དེའང་བྲག་རི་མཐོ་ལ་ལམ་གཟར་ཞིང་། ཐལ་རླུང་འཚུབ་སྐབས་ངོ་གདོང་ཡོངས་ཐལ་བས་འཚོས་ཏེ་ལམ་ཀྱང་མི་གསལ་བར་འགྱུར་བ་ནི་ཨ་ཅང་བརྗོད་མེད་རེད། རུ་མི་ཚོས་ལག་གཉིས་རྟ་སྒ་དམ་པོར་འཇུས་ནས་རྟ་ཐོག་ཏུ་བརྟན་པོར་བསྡད་དེ་མིག་ཟུང་ཧྲིག་ཧྲིག་གིས་རི་བོ་དང་ལ་རྒོད་ཡོད་དོ་ཅོག་ལ་ཅེར་ནས་ལྟ་བ་དང་། གནད་འགག་ཆེ་སར་ཚང་མས་རྒྱང་ཤེལ་སྤྱད་ནས་ཞིབ་པར་ལྟ་གི་ཡོད།
“མཐའ་མཚམས་སུ་སྐོར་ཞིབ་བྱེད་པ་ནི་མིག་ལྟ་ཙམ་བྱེད་པ་ཞིག་མ་ཡིན་པར་ང་ཚོའི་མིག་མདུན་གྱི་ས་ཆ་ཚང་མ་རྒྱལ་ཁབ་ཀྱི་ས་ཆ་ཡིན་པས་ངེས་པར་དུ་སྐོར་ཞིབ་ཡག་པོ་བྱེད་དགོས”ཞེས་དངོས་གྲུབ་རྡོ་རྗེས་བློ་རྩ་བརྟན་པོས་བརྗོད་པ་དང་། ཡང་ཁོང་གིས“སྐོར་ཞིབ་བྱེད་སྐབས་ངེས་པར་དུ་ལས་ཀ་འདི་དག་ཡག་པོ་བྱེད་དགོས་ཏེ། གཅིག་ནས་མཐའ་མཚམས་ཀྱི་གནས་སྟངས་ལ་དོ་སྣང་དང་། གཉིས་ནས་མཐའ་མཚམས་ཀྱི་རྣམ་པར་ལྟ་ཞིབ། གསུམ་ནས་ཉེན་ཁའི་གནས་ཚུལ་གྲལ་བཤེར་བཅས་བྱེད་དགོས། རྒྱུན་དུ་སྐོར་ཞིབ་ཐེངས་གཅིག་བྱེད་པར་ཉིན་གང་འགོར་གྱི་ཡོད་པས། ཛ་དྲག་གི་གནས་ཚུལ་འཕྲད་ཚེ་རི་སྟེང་དུ་ཞག་སྡོད་ཀྱང་བྱེད་དགོས་ཀྱི་ཡོད”ཅེས་བརྗོད།
“མཐའ་མཚམས་སྲུང་བར་དངོས་གནས་དཀའ་ལས་ཁག་ལ་ཐོལ་བྱུང་གི་གནས་ཚུལ་ཡང་རྟག་ཏུ་འཕྲད་མོད། འོན་ཀྱང་དཀའ་ངལ་དེ་དག་ལ་ང་ཚོ་སྐྲག་གི་མི་འདུག་ལ་ཕྱིར་བཤོལ་ཡང་གཏན་ནས་རྒྱག་མི་རུང་། ང་ཚོ་མི་རབས་ནས་མི་རབས་བར་དེ་གར་འཚོ་བ་སྐྱེལ་བ་མ་ཟད། མི་རབས་ནས་མི་རབས་བར་རྒྱལ་ཁབ་ཀྱི་ས་ཆ་འདི་སྲུང་བཞིན་ཡོད། ས་ཆ་སོར་གང་བརླག་མི་རུང་ལ་དེ་བས་གཞན་གྱི་ལག་ཏུ་ཤོར་མི་རུང་། འགྲོ་ལམ་ཉེན་ཁ་ཇི་ལྟར་ཆེ་བ་དང་གནམ་གཤིས་ཇི་ལྟར་ངན་རུང་མཐའ་མཚམས་སྐོར་ཞིབ་ཀྱི་ལས་འགན་ལྕི་པོ་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང”ཞེས་དངོས་གྲུབ་རྡོ་རྗེས་ལྷུག་པོར་བརྗོད།
ཆ་རྐྱེན་ཅི་འདྲའི་དཀའ་ཚེགས་ཆེ་རུང་མཐའ་སྲུང་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བཞིན་ཡོད། རྒྱ་མཚོ་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ནས་ཡིན་ཞིང་། ད་ལོ་སློབ་ཆེན་ཐོན་རྗེས་ཁོང་གིས་རང་འགུལ་ངང་མཐའ་མཚམས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་པར་བསྐྱོད་རྒྱུའི་རེ་ཞུ་བྱས། ལས་ཀར་ཞུགས་ནས་ཟླ་བ་གཅིག་ཀྱང་མ་སོང་བར་ཁོང་གིས་གྲོང་ཚོའི་ཚོགས་ཆུང་དུ་ཡོང་ནས་ཚང་མ་དང་མཉམ་དུ་སྐོར་ཞིབ་ལམ་དུ་བཞུད།
གྲོང་ཁྱེར་ནས་མཐའ་མཚམས་སུ་ཡོང་བའི་མཐའ་སྲུང་བ་གསར་པ་ཞིག་ཡིན་པའི་རྒྱ་མཚོས་མཐའ་སྲུང་བ་རྒན་རབས་ཚོ་དང་འབྲེལ་འདྲིས་བྱས་པ་བརྒྱུད་རིམ་བཞིན་ལས་ཀ་བྱང་ཆུབ་པོར་གྱུར་ཡོད། “དངོས་སུ་མཐའ་མཚམས་སུ་བསྐྱོད་པ་དང་དེ་གར་གཞིས་ཆགས་ཚེ་གཞི་ནས་གཞི་རིམ་གྱི་ལས་དོན་ཡག་པོ་སྒྲུབ་ཐུབ། མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་དུས་དང་རྣམ་པ་ཀུན་ཏུ་ཡག་པོ་གཤིབས་ཚེ། ད་གཟོད་གྲོང་ཚོའི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་དུས་ཐོག་ཏུ་ཁོང་དུ་ཆུད་ཐུབ་པ་མ་ཟད། ད་དུང་ལས་ཀའི་གཙོ་གནད་དང་དཀའ་གནད་གང་ཡིན་པའང་ཤེས་ཐུབ”ཅེས་རྒྱ་མཚོས་བརྗོད།
ཁ་བ་བུ་ཡུག་འཚུབ་པའི་མཐའ་མཚམས་སྐོར་ཞིབ་ཀྱི་ལམ་བུར་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་འཕྲད་སྲིད་མོད། འོན་ཀྱང་དེ་གའི་ལམ་རྒྱུད་དུ་ཉིན་ལྟར་ལྟ་སྲུང་བྱེད་མཁན་ཡོད་ལ། ལས་འགན་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་མཁན་ཡང་ཡོད།
འབྲེལ་ཡོད་གསར་འགྱུར།