ཇ་ལོའི་ཐོན་ལས་དར། ཨན་བོད་བརྩེ་བ་ཟབ།
ཨན་ཧུའེ་ཞིང་ཆེན་བོད་སྐྱོར་གྱིས་མཉམ་ལས་ཁང་ལ་བརྟེན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་པ།
ཟླ་བ་པད་མས་ཨན་ཧུའེ་ཧོང་ཧྲན་ནས་ཇ་ལོ་འདེབས་འཛུགས་དང་ལས་སྣོན་ལག་རྩལ་བརྒྱུད་རིམ་ལྡན་པའི་ངང་སློབ་སྦྱོང་བྱས།
2017ལོར། ཁོང་ཧོང་ཧྲན་ལས་རིགས་ལག་རྩལ་སློབ་གླིང་དུ་ཇ་ཤིང་མྱུག་གསོ་དང་། འདེབས་འཛུགས། ལས་སྣོན་བཅས་ཀྱི་ལག་རྩལ་སྦྱོང་བར་བསྐྱོད། ད་ཆ་ཁོང་ནི་མཚོ་སྣ་གྲོང་ཁྱེར་སླད་མོན་པ་མི་རིགས་ཤང་སླད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་རེད་ལ། ས་གནས་དེ་གའི་ཞིང་འབྲོག་པའི་ཇ་ལོའི་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མི་ཡང་རེད། ཕྱིར་ལག་རྩལ་སྦྱོང་བར་བསྐྱོད་པ་ནས་མཉམ་ལས་ཁང་གི་དོ་དམ་ནང་ཞུགས་པའི་བར། ཁོང་གི་མྱོང་བརྒྱུད་ལས་ཕ་ཡུལ་གྱི་ཇའི་ཐོན་ལས་འཕེལ་རྒྱས་དང་འགྱུར་ལྡོག་ཕྱིན་པ་མངོན་ཐུབ།
སླད་མོན་པ་མི་རིགས་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི་2300ཟིན་གྱི་ཡོད། ས་གནས་དེ་གའི་ཇ་ཤིང་འདེབས་པའི་ལོ་རྒྱུས་ནི་དུས་རབས་20པའི་ལོ་རབས་60ནས་འགོ་ཚུགས་པ་དང་། ཇ་ལོ་ནི་མོན་པ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བར་སྔ་ས་ནས་འདྲེས་ནས་ཡོད། འོན་ཀྱང་ཨན་ཧུའེ་ཡིས་ཐོན་ལས་བོད་སྐྱོར་མ་བྱས་གོང་དེ་གར་ཇ་ཞིང་མུའུ་བཅུ་གྲངས་ལས་མེད་ཁར་ལས་སྣོན་བྱེད་སྟངས་ཀྱང་རྐྱང་པ་ཡིན་པས། མང་ཚོགས་ཀྱིས་ཇ་ལོ་ལས་སྣོན་རགས་ཙམ་བྱ་རྒྱུ་ལས་མ་འདས།
ད་ཆ་ཤང་ཡོངས་སུ་ཇ་ཞིང་རྒྱ་ཁྱོན་མུའུ་693ཟིན་པའི་ནང་མུའུ་210ལྷག་ཙམ་ནས་ཇ་ལོ་འཐུ་ཆོག་ཅིང་། ལོར་ཐོན་འབབ་རྒྱ་མ་ཁྲི་2ཙམ་ཟིན་པ་དང་ན་ནིང་ཇའི་ཐོན་རྫས་རིན་ཐང་སྒོར་ཁྲི་492ལྷག་ཙམ་ཟིན་ཡོད། ཇ་ཞིང་གི་གཞི་ཁྱོན་ཆེ་རུ་ཕྱིན་པ་ནི་འགྱུར་ལྡོག་གི་ཆ་ཤས་ཙམ་རེད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ཇ་འདེབས་ཞིང་པ་རྣམས་རིམ་བཞིན་འདེབས་འཛུགས་དང་། ལས་སྣོན། ཕྱིར་ཚོང་། བགོ་བཤའ་བཅས་ཀྱི་མ་ལག་ནང་བཅུག་པས། བོགས་དངུལ་དང་། བགོ་འགྲེམས། ལས་སྒྲུབ་བཅས་ལ་བརྟེན་ནས་ཡོང་འབབ་རག་གི་ཡོད། ཨན་ཧུའེ་ཡི་ཐོན་ལས་བོད་སྐྱོར་ཡང་ལག་རྩལ་ནང་འདྲེན་རྐྱང་པ་ནས་མང་ཚོགས་ཡུན་རིང་ཞུགས་ཐུབ་པ་དང་ཕན་པ་རྒྱུན་མཐུད་ཐོབ་པའི་ཐོན་ལས་ལམ་སྲོལ་ཆ་ཚང་ཞིག་འཛུགས་པར་བསྒྱུར་ཡོད།
ཟླ་བ་པད་མས་ངོ་སྤྲོད་བྱས་དོན། ཇ་ཞིང་མུའུ་རེར་བོགས་དངུལ་སྒོར་5000ཟིན་པ་དང་མང་ཚོགས་མི་རེ་ངོ་རེར་ལོ་ལྟར་ཁེ་སྤོགས་སྒོར་5000བགོ་འགྲེམས་རྒྱག་རྒྱུ་ཡོད། མང་ཚོགས་ཚོས་ད་དུང་ཇ་ཞིང་དང་ཇ་བཟོ་གྲྭར་ལས་ཀ་བྱས་པར་ཉིན་རེར་ཡོང་འབབ་སྒོར་200རག་གི་ཡོད། མིག་སྔར་ཇའི་ཐོན་ལས་ཀྱིས་མི་100ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། དེ་ལས་ཧི་མ་ལ་ཡའི་མཐིལ་དུ་ཆགས་པའི་མོན་པ་རིགས་ཀྱི་ཤང་ཆུང་ངུ་དེའི་ངལ་རྩོལ་ནུས་ཤུགས་ཚང་མ་སྤྱིར་ན་ལས་ཞུགས་ཐུབ་པ་མཚོན་ཡོད།
རི་ཁུལ་དུ་སྡོད་མཁན་ཇ་འདེབས་ཞིང་པ་ཚོའི་ངོས་ནས་བརྗོད་ན། ཡོང་འབབ་དེ་དག་ལ་དོན་སྙིང་མི་འདྲ་བ་རེ་ལྡན་ཞིང་། ཇ་ཞིང་མ་རྐང་ནང་ཞུགས་པ་དང་གཅིག་གྱུར་གཉེར་སྐྱོང་བྱས་ཏེ་ཁ་ཐོར་དུ་གནས་པའི་ཇ་ཞིང་མཉམ་ལས་ཁང་དུ་བཅུག་པ་དང་། ཇ་བཟོ་གྲྭ་དང་ཇ་ཞིང་གིས་མཁོ་འདོན་བྱས་པའི་ལས་གནས་ཀྱིས་མང་ཚོགས་ཁག་གཅིག་ཡུལ་ཕྱོགས་གཞན་དུ་སྐྱོད་མི་དགོས་པར་ཡོང་འབབ་གསོག་རྒྱུ་བྱུང་ཡོད། ད་ཆ་ཇའི་ཐོན་ལས་ལས་བྱུང་བའི་ཡོང་འབབ་ཁྱིམ་ཚང་དེ་བས་མང་བའི་རྒྱུན་གཏན་གྱི་རྩིས་ཁྲར་ཚུད་ཡོད།
སྐབས་རིམ་བྱུང་གི་ཨན་ཧུའེ་ཡི་བོད་སྐྱོར་ལས་བྱེད་པས་ཨན་ཧུའེ་ཞིང་ལས་སློབ་ཆེན་དང་ཨན་ཧུའེ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་ཇ་ལོ་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ཚན་པ་དང་མཉམ་དུ་སྣ་ཁ་ལེགས་བཅོས་དང་། དཔེ་སྟོན་ཇ་ཞིང་འཛུགས་སྐྲུན། ལས་སྣོན་བཟོ་ཁང་རིམ་སྤོར་སྒྱུར་བཀོད། རྩལ་ནུས་གསོ་སྦྱོང་བཅས་ས་གནས་དེ་གར་རིམ་བཞིན་ནང་འདྲེན་བྱས་ཡོད། ཇ་པ་ཏི་དང་ཇ་ལྗང་ལས་སྣོན་ལག་རྩལ་ཕུད་ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གིས་ད་དུང་རྒྱ་ཇ་བཟོ་བའི་ལག་རྩལ་ཡང་བསླབས་ཡོད། སླད་མོན་པ་མི་རིགས་ཤང་གི་རིམ་པ་དང་པོའི་ཀྲུའུ་རེན་ཁོའོ་ཡོན་སྐལ་བཟང་བསྟན་འཛིན་གྱིས། ཇ་ཤིང་མེ་ཏོག་ལས་སྣོན་བྱས་ནས་རྒྱ་ཇ་བཟོས་པ་ལས་ཇ་ཞིང་གི་ཕན་འབྲས་ཆེ་རུ་འགྲོ་བར་ཁ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ལག་རྩལ་ནང་འདྲེན་བྱས་རྗེས་ས་གནས་དེ་གའི་ལག་རྩལ་མི་སྣས་རིམ་བཞིན་ལག་རྩལ་ཁོང་དུ་ཆུད་ཡོད། ཟླ་བ་པད་མ་ཧོང་ཧྲན་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་དང་། ཨན་ཧུའེ་ཡི་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ནམ་རྒྱུན་སྒོ་རྩར་མཛུབ་ཁྲིད་བྱེད་པར་ཡང་ཡང་ཡོང་གི་ཡོད། མིག་སྔར་ཤང་དེས་ས་གནས་དེ་གའི་ལག་རྩལ་པ་བཅུ་གྲངས་གསོ་སྐྱོང་བྱས་ཡོད།
སླད་མོན་པ་མི་རིགས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་ལྷུན་གྲུབ་ཚེ་འཕེལ་གྱིས། གོམ་སྟབས་རྗེས་མར་ཤང་གིས་ཇ་མཚམས་སྦྱོར་དུ་བྱས་ནས་ཇ་དང་། རིག་གནས། ཡུལ་སྐོར་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། ས་གནས་དེ་གའི་དམངས་སྲོལ་གནས་ཚང་གི་ཐོན་ཁུངས་མཉམ་འགུལ་བྱས་ཏེ་ཇའི་ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་མུ་མཐུད་ཆེ་རུ་གཏོང་རྩིས་ཡོད། ས་གནས་དེ་གའི་ངོས་ནས་བརྗོད་ན། དེ་ནི་ཇ་ཕུད་པའི་ཡོང་འབབ་མང་དུ་གཏོང་བའི་ཐབས་ལམ་གཞན་ཞིག་རེད་ལ། མཉམ་ལས་ཁང་གིས་མང་ཚོགས་དེ་བས་མང་བ་གཉེར་སྐྱོང་ལྷུ་ཚིགས་གསར་པའི་ནང་ཞུགས་རྒྱུར་སྐུལ་ཁྲིད་ཐུབ་མིན་གྱི་ཞིབ་དཔྱད་བྱེད་ཐབས་ཤིག་ཀྱང་རེད་ཅེས་ངོ་སྤྲོད་བྱས།
ཇ་ཡིས་ཨན་ཧུའེ་དང་བོད་ཀྱི་ལས་དབང་གཅིག་ཏུ་འབྲེལ་བ་མ་ཟད། ཐོན་ལས་བོད་སྐྱོར་བྱེད་སྟངས་ཀྱང་མང་ཚོགས་ཀྱི་འཚོ་བའི་ཁྲོད་དར་ཁྱབ་བྱུང་ཡོད། ཨན་བོད་ས་ཁུལ་གཉིས་ཀྱི་མཛའ་བརྩེ་འདི་ལྟའི་སློབ་སྦྱོང་དང་། མཉམ་ལས། ཐུན་མོང་གཉེར་སྐྱོང་ཁྲོད་དུ་ཇེ་ཟབ་ནས་ཇེ་ཟབ་ཏུ་འགྲོ་བཞིན་མཆིས།
འབྲེལ་ཡོད་གསར་འགྱུར།