ཕྱིར་བསྐྱོད་ནས་གནས་ཐུབ་པ་དང་ལས་ཀ་ཡག་པོ་བྱེད་ཐུབ་པ་བྱུང་བ།
ལས་ཞུགས་བོད་སྐྱོར་གྱིས་ལྷོ་ཁའི་གཞོན་ནུ་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་བར་མཐོངས་སུ་སྐྱོད་པར་རམ་འདེགས་བྱས་པ།
ད་ལོའི་ཟླ་དང་པོ་ནས་བཅུ་པའི་བར་ལྷོ་ཁའི་གཞོན་ནུ་600ཙམ་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ཀྱི་ལས་ཞུགས་བོད་སྐྱོར་གྱི་ཐབས་ལམ་བརྒྱུད་ནས་ལས་ཞུགས་དངོས་སུ་ཐུབ་པ་དང་། ལས་གནས་ཐོག་སྐྱོད་པའམ་ངལ་རྩོལ་གྱི་གན་རྒྱ་བཞག་ཡོད། ས་མཐོའི་གཞོན་ནུ་དེ་བས་མང་བ་ལས་ཞུགས་ཀྱི་ཐབས་ལམ་དེ་བརྒྱུད་ནས་དེ་བས་ཡངས་པའི་འཕེལ་རྒྱས་ཀྱི་བར་མཐོངས་སུ་སྐྱོད་བཞིན་ཡོད་པ་རེད།
ལས་ཞུགས་བོད་སྐྱོར་བྱེད་པར་ལས་གནས་ནི་རྨང་གཞི་ཡིན། ལྷོ་ཁ་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་ཧུའུ་ནན་དང་། ཧུའུ་པེ། ཨན་ཧུའེ་བཅས་ས་གནས་གསུམ་གྱི་མི་སྤྱི་སྡེ་ཚན་དང་བོད་སྐྱོར་ལས་དོན་རུ་ཁག་དབར་འབྲེལ་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། ཁེ་ལས་བོད་དུ་ཡོང་ནས་ལས་མི་བསྡུ་བ་དང་དྲ་ཐོག་ནས་ལས་མི་བསྡུ་བའི་ཆ་འཕྲིན་བསྐུར་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་མི་བསྡུ་བའི་བྱེད་སྒོ་ལྷོ་ཁའི་གཞོན་ནུ་ཚོའི་གམ་དུ་སྤེལ་བཞིན་ཡོད་པ་རེད།
ཆེད་དོན་ལས་བསྡུའི་འདུ་ཚོགས་བརྒྱུད་ནས་ལས་གནས་མང་པོ་ཞིག་གི་ཆ་འཕྲིན་ལྷོ་ཁར་སྤེལ་ཞིང་། ཟླ་9ཚེས་10ཉིན་ཧུའུ་ནན་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་ལྷོ་ཁར་འཚོགས་པ་དང་། ཁེ་ལས་35ཡིས་ས་ཡུལ་དངོས་ལ་ལས་མི་བསྡུ་བའི་འགྲེམས་སྟེགས་བཟོས་ནས་ལས་གནས་828མཁོ་འདོན་བྱས་པ་དང་། ཁེ་ལས་42ཀྱིས་དྲ་ཐོག་གི་ལས་མི་བསྡུ་བའི་ནང་ཞུགས་ནས་ལས་གནས་2003མཁོ་འདོན་བྱས་ཡོད་ལ། ལས་གནས་དག་སྔོན་ཐོན་བཟོ་སྐྲུན་དང་། གྲངས་འཛིན་དཔལ་འབྱོར། ནུས་རྒྱུ་གསར་པ། དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་དང་འབྲེལ་ཡོད་པས་ཆེད་ལས་མི་འདྲ་བ་དང་རྩལ་ནུས་ཆུ་ཚད་མི་འདྲ་བའི་ལས་ཀ་འཚོལ་མཁན་ལ་གདམ་ག་དེ་བས་མང་བ་བྱུང་ཡོད།
རྫོང་ཁོངས་ནས་ཆེད་དོན་ལས་མི་བསྡུ་སྐབས་ལས་མི་དང་ལས་གནས་འཚམ་པོ་ཡོང་བར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ཟླ་6པར་ཧོང་ཧྲིའི་ཁེ་ལས་18ཀྱིས་ལས་གནས་395མཁོ་འདོན་བྱས་པ་དང་གཞོན་ནུ་239དང་ལས་ཞུགས་འདོད་མཐུན་རགས་ཙམ་བྱུང་ཡོད། ཟླ་7པར་ཤང་ཐན་གྱི་ཁེ་ལས་31གིས་ལྷོ་ཁར་ལས་གནས་855མཁོ་འདོན་བྱས་ལ། ས་ཡུལ་དངོས་ནས་ལས་ཞུགས་མི་སྣའི་ལོ་རྒྱུས་མདོར་བསྡུས་101བླངས་པ་དང་། མི་49དང་ལས་ཞུགས་འདོད་མཐུན་རགས་ཙམ་བྱུང་ཡོད། ཁེ་ལས་ཀྱི་ལས་བསྡུའི་མི་སྣས་ས་ཡུལ་དངོས་ནས་གླ་ཆ་དང་། ཁང་པའི་ཆ་རྐྱེན། ལས་གྲབས་སྦྱོང་བརྡར། གོ་གནས་སྤོར་བའི་ཐབས་ལམ་བཅས་ངོ་སྤྲོད་བྱས་ཏེ་ལས་ཀ་འཚོལ་མཁན་ལ་ལས་གནས་ཀྱི་གནས་ཚུལ་ཤེས་རྟོགས་གང་ལེགས་བྱེད་དུ་བཅུག་ཡོད།
ཨན་ཧུའེ་ཡི་ལས་ཞུགས་འབྲེལ་སྦྱོར་ལས་དོན་ཡང་རྫོང་ཁུལ་དུ་ཁྱབ་ཡོད། ཟླ་8པར་པོ་ཀྲོའུ་ཡི་ཁེ་ལས་6གིས་མཚོ་སྨད་རྫོང་གི་དྲ་ཐོག་ལས་བསྡུའི་འདུ་ཚོགས་བརྒྱུད་ནས་ལས་གནས་166མཁོ་འདོན་བྱས་པ་དང་ལས་མི་བསྡུ་ཡུལ་གྱི་ཁོངས་སུ་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་ཚུད་ཡོད། ཞིང་ཆེན་རིམ་པའི་ལས་བསྡུའི་འདུ་ཚོགས་ནས་རྫོང་ཁོངས་ཀྱི་ཆེད་དོན་འདུ་ཚོགས་བར་དང་། ས་ཡུལ་དངོས་སུ་ལས་མི་བསྡུ་བའི་འགྲེམས་སྟེགས་བཟོ་བ་ནས་དྲ་ཐོག་ནས་འབྲེལ་སྦྱོར་བྱེད་པའི་བར། ལས་གནས་མཁོ་འདོན་བྱེད་སྟངས་དེ་བས་སྣ་མང་ཅན་དུ་གྱུར་ཡོད་པས། གཞོན་ནུ་ལས་ཀ་འཚོལ་མཁན་ལ་ལས་ཞུགས་ཀྱི་ཐབས་ལམ་དེ་བས་མང་བ་ཐོབ་ཡོད་པ་རེད།
ཧུའུ་ནན་ནི་ལྷོ་ཁའི་ལས་ཞུགས་མི་སྣ་དང་ལེན་བྱེད་མང་ཤོས་ཀྱི་ཞིང་ཆེན་ཡིན་ཞིང་། ཟླ་9པའི་ཟླ་མཇུག་བར་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་300ལྷག་ཙམ་ཧུའུ་ནན་དུ་ལས་ཞུགས་ཐུབ་ཡོད། ཟླ་9ཚེས་10ཉིན་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་100ཧུའུ་ནན་ཞིང་ཆེན་གྱི་ལས་ཞུགས་བོད་སྐྱོར་གྱི་ཆེད་དོན་ལས་བསྡུའི་འདུ་ཚོགས་གྲོལ་རྗེས་ཐུན་མོང་ཐོག་ཧུའུ་ནན་དུ་བསྐྱོད་པ་རེད། དེ་གོང་ཤང་ཐན་གྱི་བོད་སྐྱོད་ལས་བསྡུའི་བྱེད་སྒོར་ཡང་ཕན་འབྲས་ཐོན་ནས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་42ཧུའུ་ནན་ཀྲུང་ལེན་ཤན་ཧྲུའུ་ཚད་ཡོད་ཀུང་སིར་ལས་ཞུགས་དངོས་སུ་ཐུབ་པ་རེད།
ཧུའུ་པེའི་རྫོང་དང་གྲོང་ཁྱེར་ཁག་གི་ཁ་གཏད་རོགས་ལས་ལ་ཡང་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད་ཅིང་། ཟླ་6ཚེས་30ཉིན། ཐེམ་ཁུངས་ཆུ་གསུམ་ནས་ཡིན་པའི་ཁག་དང་པོའི་མཐོ་སློབ་སློབ་ཐོན་སློབ་མ་29ཧུའུ་པེ་ནུའོ་ཏེ་རྒྱུ་ཆ་གསར་པ་ཚོགས་པ་དང་ཅིན་ཕའེ་ཀུང་སི་སོགས་ཁེ་ལས་སུ་ལས་ཞུགས་དངོས་སུ་ཐུབ་ཡོད། ཟླ་8ཚེས་17ཉིན་རྒྱ་ཚ་རྫོང་གིས་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་དེ་བཞིན་ཞིང་འབྲོག་པ་117སྒྲིག་འཛུགས་བྱས་ནས་དབྱི་ཁྲང་ཀྲི་ཅང་དུ་ལས་ཞུགས་བྱེད་པར་བསྐྱོད་པའི་ནང་ཐེམ་ཁུངས་རྒྱ་ཚ་ནས་ཡིན་པའི་མི་103ཡོད་པ་རེད། སྣེ་གདོང་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་81ཝུའུ་ཧན་དུ་བསྐྱོད་པ་དེ་ནི་སྣེ་གདོང་ཆུས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གཅིག་སྡུད་ཐོག་ལྗོངས་ཕྱིར་བསྐྱོད་མང་ཤོས་དེ་ཡིན་པ་རེད།
ཟླ་11ཚེས་2ཉིན། སླར་ཡང་རྒྱ་ཚ་རྫོང་གི་གཞོན་ནུ་80དབྱི་ཁྲང་གི་ཁེ་ལས་སུ་ལས་ཀ་བྱེད་པར་བསྐྱོད་ཅིང་། དེ་ནི་དབྱི་ཁྲང་བོད་སྐྱོར་ལས་དོན་རུ་ཁག་གིས་2026ལོར་སྒྲིག་འཛུགས་བྱས་ནས་ཕྱིར་གཏོང་བྱས་པའི་ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་གྱི་མི་སྣ་ཁག་གསུམ་པ་དེ་ཡིན་པ་དང་། ད་བར་ཧུའུ་པེ་དང་བོད་ལྗོངས་ས་གནས་གཉིས་ཀྱིས་རིམ་རྩིས་བརྒྱབ་ན་ཐེམ་ཁུངས་རྒྱ་ཚ་ནས་ཡིན་པའི་ཁག་ཐེངས་8ཀྱི་གཞོན་ནུ་332སྒྲིག་འཛུགས་བྱས་ནས་དབྱི་ཁྲང་དུ་ལས་ཞུགས་བྱེད་པར་བསྐྱོད་པ་རེད།
གཅིག་སྡུད་ཐོག་མི་སྣ་གཏོང་བ་ནི་ས་གནས་གཉིས་ཀྱིས་ལས་གནས་དང་མི་སྣའི་དགོས་མཁོ་སྔ་སྣུར་ནས་གནད་ལ་འཁེལ་བའི་སྒོ་ནས་འབྲེལ་སྦྱོར་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། དབྱི་ཁྲང་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱ་ཚ་རྫོང་མི་སྤྱི་སྡེ་ཚན་དང་མཉམ་དུ་ཤང་དང་གྲོང་རྡལ་དུ་བསྐྱོད་དེ་ལས་སྒུག་གཞོན་ནུའི་རྩལ་ནུས་ཀྱི་ཁྱད་ཆོས་དང་ལས་ཞུགས་ཀྱི་འདོད་འདུན་ཤེས་རྟོགས་བྱས་ནས་སྲིད་ཇུས་སྒྲོག་འགྲེལ་བྱེད་ཀྱི་ཡོད་པ་རེད།
ཧུའུ་ནན་ཞིང་ཆེན་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་གཅིག་པའི་ཁྲང་ཏེ་ཚོགས་ཆུང་གི་ཙུའུ་ཀྲང་ཚུའེ་ཞའོ་ཝེ་ཡིས། ཞིང་ཆེན་གཞན་དུ་ལས་ཞུགས་བྱེད་པ་ནི་སྟབས་བདེའི་ངང་ལས་མི་བསྡུ་བ་དང་བཀོད་སྒྲིག་བྱས་པ་ཙམ་གྱིས་འགྲིག་པ་ཞིག་མིན་པར་འགག་རྩ་ནི་ཚང་མ་གནས་ཐུབ་པ་དང་། ལས་ཀ་ཡག་པོ་བྱེད་ཐུབ་པ། ཡར་རྒྱས་ཡོང་བ་བཅས་བྱས་ནས་ས་མཐོ་ནས་ཐོན་ཏེ་ཡུལ་གཞན་དུ་འདྲེས་ཐུབ་པའི་འགྱུར་ལྡོག་ཡོང་བ་བྱ་རྒྱུ་དེ་ཡིན་ཞེས་བརྗོད།
ད་ལོའི་ཟླ་9པར་ཁྲང་ཏེ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་གིས《ཁྲང་ཏེ་གྲོང་ཁྱེར་དང་ལྷུན་རྩེ་རྫོང་དབར་གྱི་ངལ་ལས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་རེད། ཁྲང་ཏེ་བོད་སྐྱོར་ལས་དོན་ཚོགས་ཆུང་གིས“ལས་གནས་ཀྱི་ཆ་འཕྲིན་བསྐུར་བ་དང་། ས་གནས་ས་ཐོག་ཏུ་རྟོག་ཞིབ། ལས་གནས་སུ་སྐྱེལ་བ། ལས་གནས་བརྟན་པོ་བྱུང་མིན་འཚམས་ལན་བྱེད་པ”བཅས་ཀྱི་ཞབས་ཞུ་བྱེད་སྟངས་བཙུགས་པ་རེད། གྲོས་མཐུན་གཞིར་བཟུང་ཁྲང་ཏེ་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་ལས་ཞུགས་མི་སྣའི་ལས་གནས་ཐོག་གི་གནས་ཚུལ་དང་། ཟས་སྡོད་འགན་ལེན། བསམ་བློའི་གནས་ཚུལ་བཅས་ལ་རྗེས་སྙེགས་བྱེད་པ་དང་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་དང་བཀོལ་སྤྱོད་ཚད་ལྡན་སོགས་གསོ་སྦྱོང་བྱས་ནས་ཁོང་ཚོ་ཁེ་ལས་ཀྱི་ཐོན་སྐྱེད་མྱུར་ཚད་དང་འཚམ་ཐུབ་པའི་རོགས་རམ་བྱེད་ཀྱི་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།