དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་ཧྭ་མི་རིགས་ལ་ཡུན་རིང་བདེ་སྐྱིད་སྐྲུན་པ་དང་ཕ་ཚ་བུ་རྒྱུད་ལ་ཡུན་རིང་ཕན་བདེ་སྐྲུན་དགོས།

    —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ལས་དོན་སྔར་བས་ཡག་པོ་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་དང་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-11-09

    ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ལས་དོན་སྔར་བས་ཡག་པོ་སྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་ནས། “མ་ཡུམ་གཙང་པོ་དེ་བས་མཛེས་སྡུག་ལྡན་པར་བྱས་ཏེ། ཀྲུང་ཧྭ་མི་རིགས་ལ་ཡུན་རིང་བདེ་སྐྱིད་སྐྲུན་པ་དང་ཕ་ཚ་བུ་རྒྱུད་ལ་ཡུན་རིང་ཕན་བདེ་སྐྲུན་དགོས”ཞེས་ནན་བཤད་གནང་ཡོད།

    རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་མ་ཟད་འབད་འབུངས་མདུན་སྐྱོད་བྱེད་པའི་བརྩོན་སེམས་ཀྱང་འཕེལ་བ་དང་། རྒྱང་ལམ་གསར་པའི་ཐོག་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་རྒྱུན་མཐུད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱས་ཡོད། གོམ་སྟབས་རྗེས་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཆུ་གྲོན་ཆུང་སྔོན་འཇོག་དང་། བར་མཐོངས་དོ་སྙོམས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཀྱི་ཆུ་བཅོས་དགོངས་པ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་སྲུང་སྐྱོང་གཙོ་གནད་དུ་འཛིན་པ་དང་བཅོས་སྐྱོང་གལ་ཆེན་དུ་འཛིན་པའི་འཐབ་ཇུས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་ངོ་80ཡི་རིང་རྨ་ཆུ་བཅོས་སྐྱོང་བྱས་པ་བརྒྱུད། ལོ་རྒྱུས་ཐོག་གི“ལོ་གསུམ་ལ་རགས་ཁ་ཐེངས་གཉིས་ཤོར་བའི”གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་ཏེ། ལོ་ལྟར་ཆུ་རྒྱུན་དལ་གྱིས་འབབ་པའི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད།

    ཆུ་བེད་པུའུ་ཞོད་ཐན་གནོད་སྐྱོན་འགོག་སྲུང་སིའི་སི་ཀྲང་ཡའོ་ཝུན་ཀོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཇུས་འགོད་གནང་ཞིང་སྐུལ་འདེད་བཏང་གནང་སྟེ། རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བའི་ཁྲིད་སྟོན་གནང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘རྨ་ཆུ་ཡུན་རིང་བདེ་འཁོད་ཡོང་རྒྱུ་འགན་ལེན་བྱེད་དགོས’ཞེས་ནན་བཤད་གནང་བས། ང་རང་ལ་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང” ཡའོ་ཝུན་ཀོང་གིས། རྒྱང་ལམ་གསར་པར“མཐའ་འཁྱོངས་གཉིས་དང་འགྱུར་ལྡོག་གསུམ”གྱི་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་སེལ་བའི་འདུ་ཤེས་ལག་ལེན་ནན་ཏན་བསྟར་ནས། ཆུ་དང་བྱེ་མའི་འབྲེལ་བ་སྙོམས་སྒྲིག་བྱེད་པའི“སྣ་ཐག”འདི་དམ་པོར་འཇུས་ཏེ། རྨ་ཆུའི་སྟོད་རྒྱུད་སྨད་རྒྱུད་དང་། ངོགས་གཡས་གཡོན། གཞུང་ཆུ་དང་ཆུ་ལག་བཅས་སྤྱི་འདོམས་བྱེད་པ། ཆུ་དང་བྱེ་མ་སྙོམས་སྒྲིག་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། འབབ་རྒྱུད་ཀྱི་ཆུའི་ལས་གྲྭ་ཁག་གཅིག་གྱུར་མཉམ་འབྲེལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། ཞོད་ཐན་གྱི་གནོད་འཚེ་འགོག་སྲུང་གི་བདེ་འཇགས་མཐའ་ཚད་བརྟན་པོ་སྲུང་གི་ཡིན་ཞེས་བཤད།

    རྨ་ཆུ་བཅོས་སྐྱོང་བྱེད་པར་སྲུང་སྐྱོང་གཙོ་གནད་དང་བཅོས་སྐྱོང་གལ་ཆེན་དུ་འཛིན་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“སྲུང་སྐྱོང་ཆེན་པོ་དང་མཉམ་སྒྲུབ་ཆེན་པོའི་རྣམ་པ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནང་མ་ཡུམ་གཙང་པོར་བཅངས་པའི་བརྩེ་བ་ཟབ་མོ་འདུས་པ་དང་། དེ་ལས་རྨ་ཆུ་སྲུང་སྐྱོང་བཅོས་སྐྱོང་ཐད་སྔ་ཕྱི་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་གནང་བ་གཏིང་ཟབ་མཚོན་ཡོད” ཆུ་བེད་པུའུ་རྨ་ཆུ་ཆུ་བེད་ཨུ་ཡོན་ལྷན་ཁང་ས་ཆུ་སྲུང་འཛིན་ཅུས་ཀྱི་ཅུས་ཀྲང་ཀྲུའུ་ཞའོ་ཡུང་གིས། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རྨ་ཆུ་བཅོས་སྐྱོང་བྱས་ནས་ལོ་80སོང་རིང་དང་ལྷག་པར་དུ་དུས་རབས་གསར་པ་འཆར་ཚུན། རྨ་ཆུ་འབབ་རྒྱུད་ཀྱི་ས་ཆུ་སྲུང་འཛིན་ལས་དོན་ལ་ཕན་འབྲས་ཧ་ཅང་ཆེན་པོ་དང་སྔོ་སྐྱེད་ཐཱན་སྲའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་མང་ཚོགས་ཀྱི་འཚོ་བ་ལེགས་སུ་རྒྱུན་མཐུད་སོང་ཡོད། གོམ་སྟབས་རྗེས་མར། འབབ་རྒྱུད་ཀྱི་སྒྲིག་གཞིས་གཅིག་གྱུར་བཅོས་སྐྱོང་དོ་དམ་གྱི་འགན་ནུས་སྔར་ལས་ལྷག་པ་བཏོན་ཏེ། ས་ཆུ་སྲུང་འཛིན་ལས་དོན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་རྒྱུན་སྲིང་ལྷོད་མེད་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

    “ང་ཚོས་རི་ཆུ་ནགས་ཞིང་མཚོ་རྩྭ་བྱེ་མ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་ཀྱི་རྨང་གཞིའི་ནུས་པ་འདོན་པ་དང་། རྨ་ཆུའི་ཆུ་འགོའི་ཁུལ་དང་། རྨ་ཆུའི་ཁུག་སོ། སྨད་རྒྱུད་ས་ཁུལ་གྱི་སྲུང་སྐྱོང་བཅོས་སྒྲིག་བཅས་ལ་སྤྱི་འདོམས་བྱེད་པ། ‘བྱང་གསུམ’འདུ་འགོད་དང་རི་ཆུའི་འདུ་འགོད་སོགས་རིགས་ཁག་གི་བཅོས་སྐྱོང་ལས་གྲྭ་སྦྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས”ཞེས་རང་བྱུང་ཐོན་ཁུངས་པུའུ་རྒྱལ་ཁབ་ས་ཆའི་བར་མཐོངས་སྐྱེ་ཁམས་སླར་གསོ་སིའི་སི་ཀྲང་ཝང་ལེ་ཡིས་བཤད།

    རྨ་ཆུའི་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་བླ་སྲོག་ཀྱང་ཡིན།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘རྨ་ཆུའི་རིག་གནས་སྲུང་སྐྱོང་དང་དར་སྤེལ་གཏོང་དགོས’ཞེས་ནན་བཤད་གནང་ཡོད། ང་ཚོས་རྨ་ཆུའི་རིག་གནས་ཀྱི་གསར་གཏོད་རང་བཞིན་གཞན་འགྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས” ཧོ་ནན་ཞིང་ཆེན་ཁའེ་ཧྥུང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་ལིའུ་གོ་ཧྥེ་ཡིས། ཁའེ་ཧྥུང་གིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་རྨ་ཆུའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་དང་ཟུང་འབྲེལ་ནུས་ལྡན་བྱས་ཏེ། ཁའེ་ཧྥུང་གི་མཁར་གྱང་མཛེས་ལྗོངས་ཁུལ་དང་རྨ་ཆུའི་གཟར་ཆུ་རིག་གནས་གླིང་སོགས་སྦྲེལ་མཐུད་ཀྱིས་རྨ་ཆུའི་རིག་གནས་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་གཏོད་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།