མཐོ་གྲང་ཁུལ་གྱི་བདེ་སྡུག་ལ་ཐོག་མཐའ་བར་གསུམ་དུ་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད།
ཆ་སྙོམས་ས་བབ་སྨི་5373ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ནི་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཤང་ཞིག་རེད་ལ། འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ནང་གི“དཀའ་ཚེགས་ཆེ་བའི་ཁུལ”ཞིག་ཀྱང་རེད། ཟླ་11ཚེས་6ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཧུའུ་ཁྲང་ཧྲེང་ཆེད་མངགས་དེ་གར་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ་དང་འཚམས་འདྲི་གནང་ཞིང་། ཁོང་གིས། “ཁྱེད་ཚོས་ས་བབ་མཐོ་ཤོས་ཀྱི་ཤང་གྲོང་དུ་སེམས་ནུས་ཡོད་རྒུ་བཏོན་ནས་ལས་ཀ་བྱེད་པ་ནི་ལས་སླ་པོ་ཞིག་གཏན་ནས་མ་རེད་ལ། དཀའ་ཚེགས་ཀྱང་ཧ་ཅང་ཆེན་པོ་ཡོད་པ་ཞིག་རེད། ཡིན་ནའང་། ཚང་མས་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དོན་དག་ཤ་སྟག་གླེང་བ་ལས་རང་ཉིད་ཀྱི་དཀའ་ངལ་ཚིག་གཅིག་ཀྱང་ཤོད་ཀྱི་མེད། ‘གསོ་རླུང་ཉུང་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ’སྐད་གྲགས་མེད་པར་ཐེག་པ་ཁུར་དུ་བླངས་ནས་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་འདི་ནི་མི་རྣམས་ཡི་རངས་བྱེད་དགོས་པ་ཞིག་རེད་ལ་ང་ཚོས་སློབ་སྦྱོང་བྱེད་འོས་པ་ཞིག་དེ་བས་རེད”ཅེས་གསུངས།
སྐར་མ་40ཡི་རིང་ལྷག་བསམ་ཟོལ་མེད་ཀྱིས་གླེང་མོལ་བྱེད་རིང་། དྲི་བྱའི་ནང་དོན་ནི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱི་གཟུགས་པོའི་གནས་ཚུལ་དང་རྒྱུན་གཏན་གྱི་འཚོ་བའི་སྐོར་ཡིན་པ་དང་། དོ་ཁུར་བྱ་ཡུལ་ནི་མཐའ་མཚམས་ཀྱི་འཐབ་ས་དང་པོའི་ཐོན་སྐྱེད་འཚོ་བ་དང་དམངས་འཚོ་འགན་ལེན་གྱི་སྐོར་ཤ་སྟག་རེད།
ཧུའུ་ཁྲང་ཧྲེང་གིས་བོད་ཀྱི་སྲིད་དོན་གཙོ་སྐྱོང་གནང་ནས་ཟླ་བ་གཅིག་ལྷག་ཙམ་སོང་རིང་གི་བརྟག་ཞིབ་ལམ་བུར་ལྟ་དུས། “ས་བབ་མཐོ་བའི”ཡུལ་དུ་ཕེབས་བཞིན་ཡོད་པ་གསལ་ལེར་མཐོང་ཐུབ། དེ་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་དཀའ་ཚེགས་ཆེ་བའི་ས་ཁུལ་གྱི་མང་ཚོགས་ཀྱི་བདེ་སྡུག་དང་གཞི་རིམ་ལས་བྱེད་པའི་སྐྱིད་སྡུག་ལ་སེམས་ཁྲལ་ཆེན་པོ་བྱེད་བཞིན་ཡོད་པ་ཞིག་རེད་ལ། བོད་ཀྱི་ལས་བྱེད་ལས་བཟོར་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་དངོས་སྒྲུབ་ཀྱི་བྱ་སྤྱོད་ཅིག་དེ་བས་ཀྱང་རེད།
མངའ་རིས་ས་ཐག་རིང་། ནག་ཆུར་དཀའ་ཚེགས་ཆེ། མངའ་རིས་དང་ནག་ཆུ་ནི་བོད་ཀྱི་ས་བབ་མཐོ་ཤོས་སུ་གནས་པས། གངས་ལྗོངས་ས་མཐོའི་རང་བྱུང་ཆ་རྐྱེན་ཞན་ཤོས་དང་འཚོ་གནས་ཀྱི་ཁོར་ཡུག་སྐྱོ་ཤོས་ཀྱི་ཡུལ་ཞིག་རེད།
“སྨན་པ་བསྟེན་པར་སྟབས་བདེ་པོ་འདུག་གམ”“སྨན་ཁང་གི་ཞབས་ཞུ་ཡག་པོ་འདུག་གམ” མངའ་རིས་སུ་ཧུའུ་ཁྲང་ཧྲེང་གིས་ས་བབ་མཐོ་བའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་སྨན་བཅོས་འཕྲོད་བསྟེན་འགན་ལེན་སྐོར་ལ་དོ་ཁུར་ལྷག་པར་ཆེན་པོ་གནང་། ཁོང་གིས། ས་མཐོར་ས་རྒྱ་ཆེ་བས་མང་ཚོགས་ཀྱིས་སྨན་པ་བསྟེན་པར་ལམ་ཐག་རིང་པོར་སྐྱོད་དགོས། དེར་བརྟེན་སྨན་བཅོས་ཁོ་ནར་དམིགས་ནས་མི་སྡོད་པར་ལས་དོན་གཙོ་བོ་དེ་ནད་ཡམས་སྔོན་འགོག་ཐད་འཇོག་དགོས་ཞེས་གསུངས།
བོད་བྱང་ཐང་གི་ནག་ཆུར་གནམ་གཤིས་གྲང་ངར་ཆེ་བས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བར་དཀའ་ལས་ཁག་པོ་ཡོད། དེ་གར་ཧུའུ་ཁྲང་ཧྲེང་སྦྲ་གུར་དང་འབྲོག་དུད་དུ་ཕེབས་ནས། ཁྱིམ་དུ་སྒོ་ཕྱུགས་ག་ཚོད་ཡོད། ལོ་རེར་ཡོང་འབབ་ག་ཚོད་འདུག་ཅེས་བཀའ་འདྲི་གནང་ནས་འབབ་འཕར་གྱི་རྩིས་ཞིབ་ཕྲ་བསྐྱོན་པ་དང་སྦྲགས་ཁྱིམ་སོ་གསལ་རྟོགས་གནང་ཞིང་། “ཁྱེད་ཚོ་བདེ་སྡོད་ལས་བརྩོན་ཡོང་བ་ནི་ང་ཚོའི་བསམ་འདུན་ཆེ་ཤོས་ཡིན”ཞེས་གསུངས།
ཆབ་མདོར་བརྟག་ཞིབ་གནང་རིང་། ཧུའུ་ཁྲང་ཧྲེང་ཆེད་མངགས་ས་བབ་སྨི་4317ཡོད་པའི་གོ་འཇོ་རྫོང་མདའ་སོང་གྲོང་ཚོར་ཕེབས་ཤིང་། མང་ཚོགས་དགུན་སྒྲོལ་ཐུབ་པར་འགན་ལེན་བྱེད་པའི་སྐོར་ལ་བཀའ་འདྲི་ཞིབ་ཕྲ་གནང་བ་མ་ཟད། ལས་དོན་མི་སྣར་མང་ཚོགས་བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་ངང་དགུན་ཁ་སྒྲོལ་ཐུབ་པའི་ལས་དོན་ཏན་ཏིག་དང་ཞིབ་ཚགས་པོས་སྒྲུབ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཕུ་མ་བྱང་ཐང་ཤང་དུ་ཧུའུ་ཁྲང་ཧྲེང་གིས“ས་བབ་དེ་ལས་མཐོ་ན་ཡང་། མི་དམངས་མང་ཚོགས་ཀྱི་ཁེ་ཕན་ལས་ལྷག་པ་མེད་པས། དཀའ་སྤྱད་འབད་བརྩོན་བྱེད་པ་ལས་སྡུག་པོ་མྱོང་གི་ཡོད་སྙམ་མི་རུང”ཞེས་ལྷག་བསམ་ཟོལ་མེད་ཀྱིས་གསུངས་པ་དང་། ཁོང་གིས། ཤང་གི་ལས་བྱེད་པར་དམངས་ལ་བྱ་བ་སྒྲུབ་པའི་འཇོན་ཐང་ངོ་མ་སྦྱོང་བ་དང་། ཏང་གི་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ། མང་ཚོགས་སེམས་ནང་གི་གནས་བབ་མཐོ་ཤོས་སར་འཇོག་པ་བཅས་བྱས་ནས། མང་ཚོགས་ཁྲོད་དུ་མང་ཙམ་སྐྱོད་པ་དང་། ངོ་ཐུག་གདོང་འཕྲད་དང་། ལག་གདང་སྦྲེལ་བ། བསམ་པ་གཅིག་མཐུན་བཅས་ཀྱིས་རེ་ཞུ་ཉན་ནས་དམངས་འཚོའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་དེ་བས་ཞི་མཐུན་ཡོང་བ་བྱེད་དགོས་པའི་མངགས་བྱ་གནང་བ་རེད།
དུས་ཡུན་རིང་པོར་ས་བབ་མཐོ་བའི་ས་ཁུལ་གྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་ཁྱིམ་ཆུང་དོར་ཏེ་ཁྱིམ་ཆེན་བསྐྱངས་ནས་སྐད་གྲགས་མེད་པར་ཡུལ་ཁམས་འདི་བསྲུངས་ཏེ་སྤྱིར་བཏང་གི་མིའི་བསམ་ཡུལ་ལས་འདས་པའི་དཀའ་བ་སྤྱད་ཡོད། ས་ཆ་འདི་འདྲར་བརྟན་སྲུང་གི་དོན་སྙིང་དེ་བས་རྟོགས་པ་དང་ཐུགས་ཁུར་ལ་བརྩེ་བ་ཟོལ་མེད་ལྡན་ཡོད།
ས་མཐོའི་གང་སར་དྲོ་སྐྱིད་ལྡན་པར་བྱེད་པ་དང་གནས་ཚུལ་དངོས་འཐབ་ས་དང་པོར་ཐག་གཅོད་བྱས་ནས་ས་མཐོར་མི་སེམས་དེ་བས་གཅིག་ཏུ་སྒྲིལ་བ་དང་མཉམ་ཤུགས་དེ་བས་ཆེ་རུ་བཏང་སྟེ་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་མཉམ་དུ་སྐྲུན་བཞིན་ཡོད།
འབྲེལ་ཡོད་གསར་འགྱུར།