ཀྲུང་གུང་ཀྲུང་དབྱང་གིས་བརྡ་ཐོ་བཏང་བ།
ཏང་གི་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏང་གི་ཚོགས་ཆེན་ཉེར་གཅིག་པ་2027ལོའི་ལོ་སྨད་དུ་པེ་ཅིང་ལ་འཚོག་རྒྱུའི་གཏན་འབེབས་བྱས་པ་རེད། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གིས《ཏང་གི་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་སྐོར་གྱི་བརྡ་ཐོ》བཀྲམ་ནས། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། ཀྲུང་དབྱང་རྩ་འཛུགས་པུས་ཉེ་ཆར་ཚོགས་འདུ་འཚོགས་ནས་ལས་དོན་དེར་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
ཏང་གི་ཚོགས་ཆེན་ཉེར་གཅིག་པ་ནི་རང་རེའི་ཏང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཀྱི་རྒྱང་ལམ་གསར་པར་འབད་འབུངས་བྱེད་པའི་སྐབས་སུ་འཚོག་པའི་འཐུས་མི་ཚོགས་ཆེན་ཧ་ཅང་གལ་ཆེན་ཞིག་རེད་ལ། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་རེད། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབ་རྒྱུ་ནི་ཚོགས་ཆེན་ཡག་པོ་འཚོག་ཐུབ་པའི་རྨང་གཞི་གལ་ཆེན་ཞིག་རེད། ཏང་ཀྲུང་དབྱང་གིས་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུ་གཙོ་སྐྱོང་གནང་ནས་ཆེད་མངགས་ཞིབ་འཇུག་གནང་སྟེ། ལས་དོན་དེ་ཡག་པོ་སྒྲུབ་པའི་སྤྱིའི་བླང་བྱ་དང་དམིགས་ཚད་ལས་འགན་གཏན་འཁེལ་གནང་ནས་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། འགན་འཁྲི་ནན་ཏན་སྒྲུབ་པ།སྒྲིག་འཛུགས་ལག་བསྟར་ཞིབ་ཚགས་བཅས་བྱས་ཏེ། འཐུས་མི་འདེམས་བསྐོའི་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་དོན། ཚོགས་ཆེན་ཉེར་གཅིག་པའི་འཐུས་མིའི་མི་གྲངས་ཁྱོན་2360ཡོད་པ་དེ་དག་རྒྱལ་ཡོངས་ཀྱི་འདེམས་བསྐོའི་ཚན་པ38ནས་བདམས་ཐོན་བྱ་རྒྱུ་རེད། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཡག་པོ་སྒྲུབ་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཏང་གི་སྒྲིག་ཡིག་རྩ་བར་འཛིན་པ། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ལྷག་པར་དུ་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། ཆབ་སྲིད་ཀྱི་ཚད་གཞི་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། ཚད་གཞིའི་ཆ་རྐྱེན་ནན་དུ་གཏོང་བ། འདེམས་བསྐོའི་གོ་རིམ་ནན་ཞིང་ཚགས་དམ་པ། འདེམས་བསྐོའི་སྒྲིག་ཁྲིམས་ནན་པོ་བཅས་ལ་བརྟེན་ནས་བྱང་ཚད་ལེགས་པ་དང་། གྲུབ་ཆ་ལུགས་མཐུན། ཁྱབ་རྒྱ་ཆེ་བ། ཏང་ཡོན་གྱིས་བརྩི་བཀུར་བྱེད་པ་བཅས་ཀྱི་ཏང་གི་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་ཞིག་འདེམས་པའི་འགན་ལེན་བྱེད་དགོས།
ཏང་ཀྲུང་དབྱང་གིས་གསལ་པོར་བསྟན་དོན། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་ནི་གུང་ཁྲན་ཏང་ཡོན་ཁྲོད་ཀྱི་ཕུལ་དུ་བྱུང་བ་ཞིག་དང་། ཏང་གི་སྒྲིག་ཡིག་ལ་བརྩི་སྲུང་ཞུ་མཁན་མིག་དཔེ་བ་ཞིག ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་མཁན་ཞིག གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་ལྡན་པ་ཞིག་བཅས་ཡིན་དགོས། འོས་མིའི་ཆབ་སྲིད་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་ལ་རྟོག་ཞིབ་གཏིང་ཟབ་དང་ནན་ཏན་བྱེད་པ། ཏང་གཤིས་ཀྱི་དབྱེ་འབྱེད་བྱེད་ནུས་ལ་ཤུགས་སྣོན་རྒྱག་པ་བཅས་དང་། འོས་མིའི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་རྣམ་འགྱུར། ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས། ཆབ་སྲིད་ཀྱི་གོ་བ་ལེན་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་དང་། དེ་བཞིན“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་སོགས་ཐད་ཀྱི་མངོན་ཚུལ་ལ་གཙོ་གནད་ཐོག་རྟོག་ཞིབ་བྱས་ཐོག་ཆབ་སྲིད་ཐད་ཚད་མི་ལོན་ཕྱིན་སྤ་སེ་གཅིག་གིས་ཕྲུ་སློག་དགོས། འོས་མིའི་སྤྱོད་གཙང་གི་འགག་སྒོ་དང་སྤྱོད་ཚུལ་གྱི་འགག་སྒོ་ནན་པོ་སྲུང་བ་དང་། སྤྱོད་གཙང་གི་འགག་སྒོ་སྲུང་བའི་གཏན་འབེབས་ཁག་དོན་འཁྱོལ་བྱེད་པ། ཞིབ་དཔྱད་དང་ཞིབ་བཤེར་ནན་པོ་བྱེད་པ། ཀུན་སྤྱོད་དང་། སྤྱོད་ཚུལ། གཟུགས་བརྙན་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པར་སྣང་ཆེན་གྱིས“སྐྱོན་ཅན་མིང་འདོན”དང“སྐྱོན་ཅན་བདམས་ཐོན”མཐའ་གཅིག་ཏུ་འགོག་དགོས། འཐུས་མིའི་གྲུབ་ཆ་ལུགས་མཐུན་ངང་སྟངས་འཛིན་བྱས་ཏེ། ཐོན་སྐྱེད་དང་ལས་གནས་འཐབ་ས་དང་པོའི་འཐུས་མིའི་བསྡུར་ཚད་འགན་ལེན་བྱེད་པ་དང་། བཟོ་པ་དང་། ཞིང་པ། ཆེད་ལས་ལག་རྩལ་པ་བཅས་ཀྱི་ཏང་ཡོན་ཁྲོད་ཀྱི་སྔོན་ཐོན་དཔེ་བཟང་མི་སྣ་འཐུས་མིའི་འོས་མིར་འོས་སྦྱོར་བྱ་རྒྱུར་སྣང་ཆེན་བྱེད་དགོས། བུད་མེད་ཏང་ཡོན་དང་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་གྱི་འཐུས་མིས་བསྡུར་ཚད་ངེས་ཅན་ཞིག་བཟུང་དགོས། དཔལ་འབྱོར་དང་། ཚན་རྩལ། རྒྱལ་སྲུང་། སྲིད་ཁྲིམས། སློབ་གསོ། དྲིལ་བསྒྲགས། རིག་གནས། འཕྲོད་བསྟེན། ལུས་རྩལ། སྤྱི་ཚོགས་དོ་དམ། ལས་ཞུགས་གསར་པའི་ཚོགས་སྤྱི་སོགས་ཕྱོགས་གང་ས་ཅི་ཐད་ཀྱི་འཐུས་མི་ཡོད་པར་བྱེད་དགོས།
ཏང་ཀྲུང་དབྱང་གིས་བླང་བྱ་བཏོན་དོན། ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོ་བྱེད་སྐབས་འོག་ནས་གོང་དང་། གོང་འོག་ཟུང་འབྲེལ། ནང་མོལ་ཡང་ཡང་བྱེད་པ། རིམ་པ་བཞིན་འདེམས་སྒྲུག་བཅས་ཀྱི་བྱ་ཐབས་ལག་བསྟར་བྱེད་དགོས། དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་རྒྱ་ཁྱབ་ངང་སྐུལ་སློང་བྱས་ཏེ། འཐུས་མིའི་འོས་མི་འོས་སྦྱོར་མིང་འདོན་བྱེད་པར་ཧུར་ཐག་ཞུགས་ནས་ཏང་རྩ་འཛུགས་དང་ཏང་ཡོན་མང་ཆེ་བའི་བསམ་འཆར་གཞིར་བཟུང་། རིམ་པ་བཞིན་འདེམས་སྒྲུག་དང་ལེགས་འདེམས་བྱེད་དགོས། རྩ་འཛུགས་ཀྱི་རྟོག་ཞིབ་ནན་པོ་བྱས་ཏེ་འཁྲོལ་ཡོད་རྟོག་ཞིབ་དང་རྟོག་ཞིབ་སྔོན་བརྡ་བཏང་ནས་གཞི་རིམ་ཏང་རྩ་འཛུགས་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི། ཏང་ཡོན་དང་མང་ཚོགས་བཅས་ཀྱི་བསམ་འཆར་ཡག་པོ་ཉན་དགོས། ཚོགས་འདུའི་ཐོག་འདེམས་བསྐོ་ཡག་པོ་བྱེད་པ་དང་། འཐུས་མི་འཁྲོལ་ཡོད་འདེམས་བསྐོ་བྱེད་པ། འཁྲོལ་ཡོད་འདེམས་བསྐོ་བྱེད་པའི་བསྡུར་ཚད་དེ་15%ལས་མང་བ་དགོས།
ཏང་ཀྲུང་དབྱང་གིས་ནན་བཤད་བྱས་དོན། རིམ་ཁག་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་གཟབ་ནན་ཞིབ་ཚགས་ཀྱི་ལས་ཀའི་སྤྱོད་ཚུལ་ཐོག་ནས་ཚོགས་ཆེན་ཉེར་གཅིག་པའི་འཐུས་མི་འདེམས་བསྐོའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། འདེམས་བསྐོའི་སྒྲིག་ཁྲིམས་བཅས་ནན་དུ་གཏོང་བ་དང་། ནན་པོའི་དགོངས་གཞི་དང་། ནན་པོའི་བྱ་ཐབས། ནན་པོའི་རྣམ་པ་བཅས་མཐའ་འཁྱོངས་ཀྱིས་ཧུའུ་ནན་ཧེང་དབྱང་དང་། སི་ཁྲོན་ནན་ཁྲུང་། ལེའོ་ཉིང་སོགས་ཀྱི་འདེམས་ཤོག་འཕེན་སྐུལ་བསླུ་ཉོ་དང་འདེམས་བསྐོར་གཏོར་བཤིག་གཏོང་བའི་གྱོད་དཔེ་དྲངས་ནས་ཉེན་ཟོན་སློབ་གསོ་བཏང་སྟེ། བསླབ་བྱ་དང་ལེན་དང་སྔ་བསླབ་ཕྱི་འདོམས་བྱེད་དགོས། འཐུས་མི་འདེམས་བསྐོའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལས་འགལ་བའི་གནད་དོན“ཐར་པར་གཏན་ནས་མི་གཏོང་བ”དང་། ཤེས་རྟོགས་བྱུང་མ་ཐག་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ཏེ། སྲོལ་བཟང་སྤྱོད་བཟང་ཡོང་བའི་འགན་ལེན་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་བླང་བྱ་དོན་འཁྱོལ་བྱས་ནས། འཐུས་མི་བདམས་ཐོན་བྱེད་པའི་བརྒྱུད་རིམ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པའི་བརྒྱུད་རིམ་དང་། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས། ཏང་གི་ལོ་རྒྱུས་བཅས་ཀྱི་སློབ་གསོ་དང་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་གསོན་ཉམས་དོད་པའི་ལག་ལེན་གྱི་བརྒྱུད་རིམ། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་ལས་སྒྲུབ་ལས་གཏོད་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་བཅས་ལ་འགྱུར་བར་བྱས་ཏེ། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་ནུས་བཅས་སྔར་བས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་སྐུལ་སློང་བྱས་ཏེ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། དམངས་སེམས་གཅིག་མཐུན་དང་ཡར་རྒྱས་བརྩོན་ལེན་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེའི་རྣམ་པ་གསར་པ་ཟམ་མི་ཆད་པར་གཏོད་དགོས།
འབྲེལ་ཡོད་གསར་འགྱུར།