དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • སྲོལ་རྒྱུན་སྒྲ་སྙན་ལས་ཕྱུག་འགྱུར་གྱི་དབྱངས་རྟ་དཀྲོལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འོད་ཟེར་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྥུའུ་ཆང་། ཀརྨ་རྡོ་རྗེ།   |     སྤེལ་དུས།  2026-11-08

    དབྱར་གཞུང་གི་དུས་སུ་ཉི་འོད་རབ་ཏུ་འཚེར་ཞིང་། རྒྱལ་ལམ་318ཀྱི་འགྲམ་དུ་གནས་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་གི་དབྱངས་རྟ་སྒྲ་སྙན་མི་རིགས་སྲོལ་རྒྱུན་ལག་ཤེས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྒྱ་ཆེ་བའི་ཚོང་ཁང་ནས་སྙན་འཇེབས་ལྡན་པའི་སྟོད་གཞས་དང་སྒྲ་སྙན་གྱི་སྒྲ་ཐོས་འོང་།

    མཉམ་ལས་ཁང་དུ་སྐྱོད་སྐབས་གྱང་ངོས་སུ་བཟོ་ལྟ་དང་། གནས་གོང་། ཆེ་ཆུང་བཅས་མི་འདྲ་བའི་སྒྲ་སྙན་སྣ་ཚོགས་བཀལ་ཡོད་པ་དེ་ནི་སྒྲ་སྙན་རྟེན་མཛོད་ཁང་ཆུང་གྲས་ཤིག་དང་འདྲ། སྒྲ་སྙན་ཆེ་ཤོས་དེ་2019ལོར་བཟོས་པ་དེའི་དཀྱུས་ལ་སྨི་2ལྷག་ཙམ་ཡོད་པ་དང་དཀྲོལ་སྐབས་སྒྲ་ཧ་ཅང་སྦོམ་པ་དང་། ཆུང་ཤོས་དེ་སྦར་མོར་ཉར་ནས་སྒྲ་རིམ་དཀྲོལ་ཆོག་པའི་སྒྲ་སྙན་ཆུང་ཆུང་ཞིག་རེད། མཉམ་ལས་ཁང་གི་འགན་འཁུར་བ་དོན་རྒྱལ་གྱིས་གསར་འགོད་པར། ས་གནས་དེ་གའི་སྒྲ་སྙན་བཟོ་རྩལ་ལོ་བརྒྱ་ཕྲག་ཙམ་རྒྱུན་འཛིན་བྱས་ཡོད་མོད། ཡིན་ནའང་དེང་རབས་ཅན་གྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་སྦྲགས། ཉེ་བའི་ལོ་ཤས་རིང་སྲོལ་རྒྱུན་ལག་ཤེས་ཀྱི་སྒྲ་སྙན་བཟོ་རྩལ་རིམ་བཞིན་འཕྲུལ་ཆས་ཀྱིས་ཚབ་བྱས་པའི་ཁར་ཚོང་ལམ་རྒྱུག་པོ་མེད་པས་བཟོ་རྩལ་མཁས་ཅན་མང་པོ་ཞིག་འཚོ་ཐབས་གཞན་བཙལ་རྐྱེན་བཟོ་རྩལ་སྟོངས་པའི་ཉེན་ཁ་འཕྲད་ཡོད་ཅེས་བཤད།

    མཉམ་ལས་ཁང་མ་གཉེར་གོང་དོན་རྒྱལ་ཤིང་བཟོ་བ་བྱེད་མྱོང་ཡོད། ཁོང་ཆུང་དུས་ནས་སྟོད་གཞས་དཀྲོལ་གཏོང་ལ་ཧ་ཅང་དགའ་བ་མ་ཟད། སྒྲ་སྙན་ཡག་པོའང་དཀྲོལ་ཐུབ་ཀྱི་ཡོད། “ངས་ལོ་17ནས་སྒྲ་སྙན་བཟོ་རྩལ་སྦྱངས་པ་ཡིན། རྒན་ལགས་ཀྱིས‘ལག་ཤེས་པས་སྒྲ་སྙན་ཡག་པོ་ཞིག་བཟོ་དགོས་ཚེ་སྔོན་ལ་དེར་རྒྱུས་མངའ་ལོན་དགོས’ཞེས་རྟག་ཏུ་གསུངས་ཀྱི་འདུག”ཅེས་དོན་རྒྱལ་གྱིས་བཤད། 2018ལོའི་ཟླ་9པར་དོན་རྒྱལ་གྱིས་སྨི་ངོས་གྲུ་400ཡོད་པའི་སྒྲིག་ཁང་ཞིག་ཏུ་མཉམ་ལས་ཁང་བཙུགས་པ་རེད། “དང་ཐོག་གྲོང་ཚོའི་སྒྲ་སྙན་བཟོ་རྩལ་ཤེས་པའི་ཡུལ་མི་དེ་བས་མང་བ་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་ན་སྙམ་པའི་བཟོ་ཁང་ཆུང་ཆུང་ཞིག་རེད”

    མཉམ་ལས་ཁང་བཙུགས་མ་ཐག་པའི་སྐབས་སུ། དཀའ་ངལ་ཆེ་ཤོས་ནི་འཚོང་ལམ་འཚོལ་རྒྱུ་དེ་རེད། དོན་རྒྱལ་གྱིས་སྒྲ་སྙན་འཁྱེར་ཏེ་གཞིས་རྩེ་དང་ལྷ་སའི་རོལ་ཆ་ཚོང་ཁང་དང་རིག་གནས་ཁྲོམ་ར་དང་ཐ་ན་མཚོ་སྔོན་དང་སི་ཁྲོན་སོགས་སུ་འཚོང་བར་སྐྱོད་ཡོད། ཐེངས་ཤིག ཁོང་གིས་ལྷ་སའི་བར་སྐོར་དུ་ཐང་ཁྲོམ་འདོན་སྐབས་ཡུལ་སྐོར་བ་ཞིག་ཁོང་གི་སྒྲ་སྙན་དང་གླུ་སྒྲས་ཡིད་དབང་འཕྲོག་སྟེ་འཕྲལ་མར་རིན་གོང་མཐོ་ཤོས་ཀྱི་སྒྲ་སྙན་ཞིག་ཉོས་པ་མ་ཟད། དོན་རྒྱལ་དང་གླེང་མོལ་བྱེད་པའི་བརྙན་ཐུང་དྲ་ཐོག་ཏུ་སྤེལ་བ་རེད། བསམ་ཡུལ་ལས་འདས་པ་ཞིག་ལ། དུས་ཚོད་རིང་པོ་མ་སོང་བར་དྲ་གྲོགས་ཀྱིས་དོན་རྒྱལ་ལ་འབྲེལ་བ་བྱས་ནས་སྒྲ་སྙན་མངགས་ཉོ་བྱས། དོན་དག་དེས་བློ་སྒོ་ཕྱེ་སྟེ་དོན་རྒྱལ་གྱིས་དྲ་ཐོག་ཚོང་ཁང་བཙུགས་པ་དང་འབྲེལ་ད་དུང་སྒྲ་སྙན་ཨ་སྙིང་དང་། རིག་གནས་བསམ་བཀོད་ཀྱི་འགེལ་ཆས། བོད་བཟོའི་ཁྱིམ་ཆས་སོགས་ཐོན་རྫས་གསར་སྤེལ་བྱས་ཏེ་དྲ་ཐོག་ནས་ཐད་གཏོང་བྱས་ཏེ་འཚོང་གི་ཡོད། “དེ་སྔོན་ང་ཚོའི་ཚོང་ཤག་གཙོ་བོ་བོད་རིགས་ས་ཁུལ་ནས་རེད། ད་ཆ་པེ་ཅིང་དང་ཧྲང་ཧའེ་དང་ཐ་ན་ཕྱི་རྒྱལ་གྱི་ཚོང་ཤག་ཀྱང་ཡོད”ཅེས་དོན་རྒྱལ་གྱིས་བཤད།

    ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག 2021ལོར་མཉམ་ལས་ཁང་གིས་མ་དངུལ་སྒོར་ཁྲི་120རང་གྲབས་བྱས་ཏེ་ཨར་འདམ་ལྕགས་རྩིབས་མའི་ཁང་པ་ཐོག་སོ་ཉིས་ལྡན་ཞིག་བརྒྱབ་པ་དང་2023ལོར་སྒོར་ཁྲི་155བཏང་ནས་རྒྱ་བསྐྱེད་བཏང་བས། ད་ཆ་བཟོ་ཁང་གི་རྒྱ་ཁྱོན་ལ་སྨི་ངོས་གྲུ་2300ལྷག་ཙམ་ཟིན་པ་དང་། ཐོན་རྫས་འགྲེམས་ཁང་དང་། ལག་ཤེས་བཟོ་ཁང་། གསོ་སྦྱོང་རྟེན་གཞི་སོགས་ལེ་ལག་ཚང་པོ་ཡོད། 2024ལོར་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་182བྱུང་བ་དང་། མཉམ་ལས་ཁང་ནས་སྒྲ་སྙན་822བཟོས་པར་ཡོང་འབབ་སྒོར་ཁྲི་182བྱུང་བ་དང་། 2025ལོར་ཟླ་བ་གཅིག་ལ་བྲིན་ཚོང་ཡོང་འབབ་མཐོ་ཤོས་སྒོར་ཁྲི་20ལྷག་ཙམ་ཟིན་ཡོད། ད་ཆ་མཉམ་ལས་ཁང་གིས་ཕྱུག་འགྱུར་སྣེ་ཁྲིད་པ་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་པ་བཅས་ཟུང་འབྲེལ་གྱི་ཐབས་རྣམ་སྤྱོད་ཀྱི་ཡོད་པ་དང་། ཁོངས་མིར་ཉིན་གླ་སྒོར་300ཟིན་གྱི་ཡོད།

    དོན་རྒྱལ་དགའ་ཞིང་སྤོབས་པ་སྐྱེ་འོས་པ་ཞིག་ནི། མཉམ་ལས་ཁང་གིས་ཐོག་མཐའ་བར་གསུམ་དུ་སྒྲ་སྙན་བཟོ་བའི་ལག་ཤེས་རྒྱུན་འཛིན་དང་ལེགས་སུ་གཏོང་གི་ཡོད་པ་དེ་རེད།

    དོན་རྒྱལ་གྱིས“འཕྲུལ་ཆས་ཀྱིས་བཟོས་པའི་སྒྲ་སྙན་གྱི་སྒྲ་ལ་ལག་ཤེས་ཀྱིས་བཟོས་པ་ལྟ་བུའི་ཉམས་མེད། སྒྲ་སྙན་ནི་ཀ་བེད་གཟུགས་ཀྱི་རྫིང་ཆེན་དང་། དཀྱུས་རིང་བའི་མདའ་འམ་གཞུང་། སྒོར་ཕྱེད་གཟུགས་ཀྱི་རྟ་མགོ་སོགས་ལས་གྲུབ་པ་དང་། ད་དུང་རྒྱུད་སྐུད་དང་། ཡས་སྒ གཅུས་ཕུར། སེན་ལྡེ། འཐེན་ཐག་སོགས་ཀྱང་ཡོད”ཅེས་གསར་འགོད་པར་བཤད།

    2023ལོར། དབྱངས་རྟ་མཉམ་ལས་ཁང་གི་སྒྲ་སྙན་ལ“ཀྲུང་གོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་ཟོག་འགྲེམས་ཚོགས”ཐོག“མི་རིགས་ཀྱི་བཟོ་རྩལ་ཡག་ཤོས་ཀྱི་བྱ་དགའ”ཐོབ་ནས་སྔར་བས་སྐད་གྲགས་ཆེ་རུ་ཕྱིན་ཡོད། འབྱུང་འགྱུར་སྐོར་གླེང་སྐབས། དོན་རྒྱལ་གྱིས། “ང་ཚོས་ལྷ་རྩེའི་སྒྲ་སྙན་གྱི་སྤུས་རྟགས་དེ་བས་སྙན་གྲགས་ཆེ་རུ་བཏང་སྟེ་སྲོལ་རྒྱུན་གྱི་ལག་ཤེས་ལ་བརྟེན་ནས་མི་དེ་བས་མང་བ་འབྱོར་ཕྱུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་གདེང་ཚོད་ཆེན་པོས་བརྗོད། ལ་ཁའི་ཉི་འོད་ཁྲོམ་གཞུང་ཉེ་འགྲམ་གྱི་ཐད་གཏོང་ཁང་དུ་འཕྲོ་བཞིན་སྙན་འཇེབས་ལྡན་པའི་སྒྲ་སྙན་གྱི་སྒྲ་སླར་ཡང་གྲགས། སྙན་འཇེབས་ལྡན་པའི་སྒྲ་སྙན་གྱི་སྒྲ་ལས་གནའ་བོའི་ལོ་རྒྱུས་དང་རིག་གནས་མཚོན་པ་མ་ཟད། ས་མཐོའི་ཞིང་འབྲོག་མང་ཚོགས་ཀྱི་ཕྱུག་འགྱུར་གྱི་རེ་བ་ཡང་མཚོན།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།