དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཧྲི་ཐུའོ་ཁེར་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-11-08

    ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཧྲི་ཐུའོ་ཁེར་དང་མཇལ་འཛོམས་གནང་བ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་6ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཧྲི་ཐུའོ་ཁེར་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། ད་ལོ་ནི་ཀྲུང་ཨོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བའི་ལོ་ཡིན་ཞིང་། ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། སྒོ་དབྱེ་བསྟུན་མཁས། གཉིས་ཁེ་གཉིས་ཕན་བཅས་ཀྱི་སྙིང་སྟོབས་རྒྱུན་འཁྱོངས་བྱས་པས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་པ་དང་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ཡིད་ཆེས་དང་མཛའ་མཐུན་ནི་ཀྲུང་ཨོའི་འབྲེལ་བའི་ཁྱད་ཆོས་རྩ་ཆེན་ཞིག་ཏུ་གྱུར་ནས་སྤྱི་ཚོགས་ཀྱི་ལམ་ལུགས་དང་། ལོ་རྒྱུས་རིག་གནས། འཕེལ་རྒྱས་དུས་མཚམས་བཅས་ཀྱི་ཧེ་བག་ལས་བསྒྲལ་ཡོད། ཕྱོགས་གཉིས་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་བཏང་ནས་མཐོ་རིམ་འགྲོ་འོང་གི་དུས་བབ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་ཆབས་ཅིག སྤེལ་རེས་བརྒྱུད་ཡིད་ཆེས་བརྟན་དུ་དང་དོགས་གཞི་བསལ་ནས་འབྱུང་འགྱུར་གྱི་མཉམ་ལས་ལ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འདིང་དགོས། ཀྲུང་གོའི“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྲོལ་རྒྱུན་ཐོན་ལས་རིམ་སྤོར་བྱེད་དགོས་པ་མ་ཟད། ད་དུང་ཞབས་ཞུའི་ལས་རིགས་གཙོ་གནད་དུ་བཟུང་ནས་སྒོ་མོ་འབྱེད་རྒྱ་ཆེ་རུ་ཡང་གཏོང་དགོས། “ཀྲུང་གོའི་གོ་སྐབས་2.0”ལས་ཁྲོམ་རའི་ཁེ་སྤོགས་ཐོབ་རྒྱུ་མ་ཟད། གསར་གཏོད་ཀྱི་ཁེ་སྤོགས་ཀྱང་ཐོབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨོ་སི་ཁྲུ་རི་ཡ་ཕྱོགས་དང་མཉམ་དུ་ནུས་གསར་རླངས་འཁོར་དང་། མི་ཐབས་རིག་ནུས། གྲངས་འཛིན་དཔལ་འབྱོར། ལྗང་མདོག་འཕེལ་རྒྱས་སོགས་གསར་དར་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས། དཔལ་འབྱོར་ཚོང་དོན་འཕར་བའི་སྒུལ་ཤུགས་གསར་པ་གཏོད་འདོད་ཡོད། ཀྲུང་ཨོའི་མཛའ་གྲོགས་ལ་སྤྱི་ཚོགས་ཀྱི་རྨང་གཞི་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་མི་ཆོས་རིག་གནས་སྤེལ་རྒྱ་ཆེ་རུ་དང་མི་སྣ་འགྲོ་འོང་བྱེད་བདེ་པོ་བཟོས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཕན་ཚུན་ཐག་ཇེ་ཉེ་དང་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་སྐབས་རྒྱལ་སྤྱིའི་དུས་བབ་འགྱུར་ལྡོག་ཆེ་ལ་ཟང་ཟིང་ཆེ་ཞིང་། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལྡོག་ནས་ཐོན་གྱི་ཡོད་པས། ཀྲུང་ཨོ་རྒྱལ་ཁབ་གཉིས་པོས་ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་ལག་ལེན་བསྟར་ནས་རང་མོས་ཚོང་དོན་ལ་རྒྱབ་སྐྱོར་བྱས་ཏེ། དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། རྒྱུན་མཐུད་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བཞིན་པའི་ཀྲུང་གོ་ནི་ཡོ་རོབ་ལ་འཕྲད་པའི་གནད་དོན་གྱི་འབྱུང་རྩ་མིན་པར་དེ་ལས་ཡོ་རོབ་ལ་རོགས་རམ་བྱས་ནས་གནད་དོན་ཐག་གཅོད་བྱེད་པའི་གྲོགས་པོ་དང་ལམ་རོགས་ཤིག་ཡིན། ཀྲུང་ཡོས་མཉམ་ལས་ཁྱབ་ཁོངས་ལ་དམིགས་ནས་གླེང་མོལ་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་རྩོད་རྙོག་ཐག་གཅོད་བྱས་ཏེ་གཉིས་ཁེ་གཉིས་ཕན་དང་ཐུན་མོང་འཕེལ་རྒྱས་ཡོང་བར་བྱེད་དགོས།

    ཧྲི་ཐུའོ་ཁེར་གྱིས་གསུངས་དོན། ཨོ་ཀྲུང་འབྲེལ་བ་འཕེལ་རྒྱས་ཡག་པོ་ཕྱིན་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་55སོང་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཨོ་ཀྲུང་དབར་གྱི་མཛའ་གྲོགས་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བར་ཤུགས་བརྒྱབ་ནས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་ལོ་མང་རིང་གི་མཉམ་ལས་དང་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་ཚོང་དོན་དང་། མ་འཇོག ཚན་རྩལ། གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། རིག་གནས་དང་ཡུལ་སྐོར་སོགས་མི་ཆོས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གཉིས་པོའི་འབྲེལ་བར་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཡོ་ཀྲུང་འབྲེལ་བ་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་ཧུར་ཐག་བྱེད་ཀྱི་ཡོད་ལ། ཕྱོགས་གཉིས་པོས་ལྷག་བསམ་ཟོལ་མེད་ངང་གླེང་མོལ་དང་གྲོས་མོལ་བྱས་ནས་དཔལ་འབྱོར་ཉོ་ཚོང་ཐད་ཀྱི་མི་མཐུན་ས་ཐག་གཅོད་ཐུབ་པའི་རེ་བ་ཡོད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རོགས་ལས་ལ་ཤུགས་སྣོན་དང་། རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་འགྲན་སློང་ལ་ཁ་གཏད་གཅོག་པ་བཅས་བྱས་ནས་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་འདོད་ཡོད།

    ཝང་དབྱི་མཇལ་འཛོམས་གནང་བར་མཉམ་དུ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།