དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • སྒོ་དབྱེའི་བྱ་སྤྱོད་མཉམ་དུ་སྤེལ་ནས་གོ་ལ་ཧྲིལ་པོའི་མཉམ་ལས་ཟབ་ཏུ་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།   |     སྤེལ་དུས།  2026-11-07

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པས།ཟླ་11ཚེས་5ཉིན། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་ཧྲང་ཧའེ་རུ་འགོ་ཚུགས་ཤིང་། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་ཕྱི་རྒྱལ་གྱི་ཁེ་ལས་4142ཞུགས་རྒྱུའི་ཡིད་དབང་བཀུག་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་44ལས་ཐོག་མར་བརྒལ་ནས་གྲངས་གཞི་མང་པོ་ཞིག་གི་ཟིན་ཐོ་གསར་པ་བཏོད་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ནང་འདྲེན་འགྲེམས་ཚོགས་ཀྱིས་མཁོ་སྤྲོད་སྦྲེལ་མཐུད་དང་ཐོན་ཁུངས་བསྡུ་སྒྲིལ་ལ་མུ་མཐུད་སྐུལ་འདེད་བཏང་བས། དེ་རྒྱལ་ཁབ་ཁག་གིས་ཀྲུང་གོའི་གོ་སྐབས་མཉམ་སྤྱོད་དང་གོ་ལ་ཧྲིལ་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ནས་ཀྲུང་གོ་དང་འཛམ་གླིང་ལག་གདང་སྦྲེལ་ཏེ་མཉམ་དུ་སྐྱོད་པ་དང་གཉིས་ཁེ་གཉིས་ཕན་གྱི་ཆོད་སེམས་བརྟན་པོ་བརྒྱུད་སྤྲོད་ཐུབ་པའི་ངོས་འཛིན་བྱས་པ་རེད། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ངེས་ཡིན་པ་དང་སྒོ་དབྱེའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་ཡིད་ཆེས་ཡོད་པ་རེད།

    “གོ་ལ་ཧྲིལ་པོའི་སྤུས་ལེགས་མཁོ་སྤྲོད་ཀྲུང་གོའི་ཁྲོམ་རར་ཞུགས་པར་རམ་འདེཌ་བྱས་ཡོད”

    ཕྱི་རྒྱལ་གྱི་འགྲེམས་སྟོན་ཚོགས་པ་90ལྷག་ཙམ་ཞུགས་ཏེ་འགྲེམས་སྟོན་རྒྱ་ཁྱོན་དུས་མཚུངས་ལས་8%ཙམ་འཕར་བ་དང་། ནང་འདྲེན་འགྲེམས་ཚོགས་སྐབས་9ལ་བསྟུད་མར་ཞུགས་མཁན་ཁེ་ལས་དང་ལས་ཁུངས་200ཙམ་ཟིན་ཞིང་། འགྲེམས་སྟོན་ནང་ཞུགས་ཐེངས་དང་པོ་ཡིན་པའི་ཁེ་ལས་2000ལྷག་ཙམ་ཟིན་པ། གོ་ལ་ཧྲིལ་པོར་ཕུད་འགྲེམས་དང་། ཨེ་ཤེ་ཡར་འགྲེམས་ཐེངས་དང་པོ། ཀྲུང་གོར་སྟོན་ཐེངས་དང་པོ་བཅས་ཡིན་པའི་མཚོན་བྱེད་རང་བཞིན་གྱི་འགྲེམས་རྫས་480ལྷག་ཙམ་ཟིན་ནས་ལོ་རིམ་བྱུང་གི་ཟིན་ཐོ་མཐོ་ཤོས་བཏོད་པ་ལ་སོགས། ལོ་དགུའི་རིང་ནང་འདྲེན་འགྲེམས་ཚོགས་ཇི་ཙམ་གཉེར་བ་དེ་ཙམ་གྱིས་ལེགས་པ་དང་རྟག་ཏུ་གཉེར་ཡང་རྣམ་པ་རྟག་ཏུ་གསར་པ་ཡིན་པའི་ཁེ་ལས་དང་ལས་ཁུངས་དེ་བས་མང་བས་ནང་འདྲེན་འགྲེམས་ཚོགས་ཀྱི་སྟེགས་བུར་བརྟེན་ནས་ཀྲུང་གོར་གཞི་ཚུགས་པ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ་གོ་ལ་ཧྲིལ་པོར་ཕྱོགས་ཡོད།

    དབྱི་ཅ་ཀྲུང་གོའི་ལས་སྒོའི་འགན་འཁུར་བ་སུང་ཡིང་ཨའེ་ཡིས། དབྱི་ཅ་ཡིས་ལོ་9བསྟུད་མར་ནང་འདྲེན་འགྲེམས་ཚོགས་ལ་ཞུགས་པ་དང་ལས་སྟེགས་དེར་བརྟེན་ནས་ཀྲུང་གོའི་འཛད་སྤྱོད་ཁྲོམ་རར་ཤེས་རྟོགས་རྒྱུན་མཐུད་བྱས་ཏེ་མཉམ་ལས་རོགས་ཟླ་དང་མཉམ་དུ་གོ་སྐབས་གསར་པ་འཚོལ་ཞིབ་བྱས་ཡོད། “ཀྲུང་གོའི་གཞི་ཁྱོན་ཆེ་བའི་ཁྲོམ་ར་དང་འཛད་སྤྱོད་པའི་སྣ་མང་རང་བཞིན་གྱི་དགོས་མཁོ་དང་དེ་བཞིན་གྲངས་འཛིན་ཅན་དང་སིལ་ཚོང་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་གསོན་ཤུགས་ལས་ང་ཚོས་ཡུན་རིང་འཕེལ་རྒྱས་ཀྱི་བར་མཐོངས་མཐོང་ཐུབ། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་ང་ཚོས་ཀྲུང་གོའི་ཁྱིམ་ཚང་གི་དགོས་མཁོ་དང་འཚམ་པའི་ཐོན་རྫས་དང་ཐག་གཅོད་ཇུས་གཞི་འཁྱེར་ཡོད་ལ། སླད་ཕྱིན་ནང་འདྲེན་འགྲེམས་ཚོགས་ལ་མུ་མཐུད་དོ་ཁུར་དང་དེའི་ནང་ཞུགས་ནས་ཀྲུང་གོའི་ཁྲོམ་ར་དང་མཉམ་དུ་འཚར་ལོངས་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།

    “གསར་གཏོད་མཉམ་འདྲེས་ལ་སྐུལ་འདེད་དང་འཕར་སྣོན་བར་མཐོངས་རྒྱ་སྐྱེད་་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་རེད”

    ཀྲུང་གོ་ནི་རིམ་འདས་ཚོང་པ་ཞིག་རེད་ལ་རིམ་འདས་ཉོ་མཁན་ཞིག་ཀྱང་རེད། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་ཀྲུང་གོས་སྒོར་དུང་ཕྱུར་ཁྲི་16.74ནང་འདྲེན་བྱས་པ་དེ་དུས་མཚུངས་ལས་22.3%འཕར་ནས་2021ལོ་ཚུན་གྱི་འཕར་ཚད་མགྱོགས་ཤོས་བཏོད་ཡོད། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ཐོག་གཙོ་མགྲོན་རྒྱལ་ཁབ་དང“ཕྱིར་གཏོང་ཀྲུང་གོའི”ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་ཆེད་གཏོགས“ཁེ་དབང་ཁུག་མ”ཐོག་མར་བཏོན་པ་དང་། དབྱིན་ཇི་དང་། སི་ཕེན། ཧ་སག་སི་ཐན། ཁེན་ནི་ཡ། ཐེ་ལན་སོགས་ཀྱིས“ཕྱིར་གཏོང་ཀྲུང་གོའི”ལོ་འཁོར་གྱི་བརྗོད་དོན་གཙོ་བོའི་རྒྱལ་ཁབ་ཀྱི་འགན་འཁུར་བ་མ་ཟད། གོ་ལ་ཧྲིལ་པོའི་རྒྱལ་དམངས་སྤུས་རྟགས་འགྲེམས་སྟོན་ཁུལ་ཐོག་མར་བཏོད་དེ་ནང་འདྲེན་འགྲེམས་ཚོགས་ཐོག་གོ་ལ་ཧྲིལ་པོར་འོས་སྦྱོར་བྱས་ནས་ཀྲུང་གོའི་དམངས་ཚོགས་ཀྱི་དགོས་མཁོར་དམིགས་ཏེ་ཕྱི་རྒྱལ་གྱི་སྤུས་ལེགས་ཁེ་ལས་དེ་བས་མང་བར་ཀྲུང་གོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་སྔོག་འདོན་བྱ་རྒྱུར་རམ་འདེགས་བྱས་ཡོད།

    ཐེ་ལན་རྒྱལ་ཁབ་འཕེལ་རྒྱས་དོ་དམ་ཞིབ་འཇུག་སློབ་མའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ལི་རེན་ལེའང་གིས། དེ་གོང་གི་ནང་འདྲེན་འགྲེམས་ཚོགས་སྐབས་བརྒྱད་ལ་རིམ་རྩིས་བརྒྱབ་ན་ཐེ་ལན་གྱི་ཁེ་ལས་ཐེངས་500ཙམ་ཞུགས་རྒྱུའི་ཡིད་དབང་བཀུག་ནས་འགྲེམས་རྫས་འབོར་ཆེན་ཞིག་རྒྱུན་རྣམ་ཅན་གྱི་ཚོང་དོན་ཚོང་ཟོག་ཏུ་འགྱུར་བར་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པས་ཐེ་ལན་གྱི་ཁེ་ལས་འབྲིང་ཆུང་དེ་བས་མང་བར་ཀྲུང་གོར་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་གོ་སྐབས་མཁོ་འདོན་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།

    “‘ལོ་ལྔ་ཚན་བཅོ་ལྔ་པའི’འཆར་འགོད་ནང་ཡུན་རིང་མཉམ་ལས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་བར་ཡངས་ཤིང་རྒྱ་ཆེ་བའི་གོ་སྐབས་སྦྱིན་ཡོད”

    ད་ལོ་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོ་ཡིན་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ནང་འདྲེན་འགྲེམས་ཚོགས་མུ་མཐུད་ཡག་པོ་གཉེར་དགོས”ཞེས་ཁ་གསལ་བཏོན་ཡོད། སྐབས་འདིའི་ནང་འདྲེན་འགྲེམས་ཚོགས་ལ་ཀྲུང་གོའི་འགྲེམས་ཁང་གིས“རྣམ་པ་གསར་པ་བཏོད་དེ་འབྱུང་འགྱུར་གསར་པ་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་གསར་པར་དམ་པོར་དམིགས་ནས་འབྱུང་འགྱུར་གྱི་རྣམ་པ་དང་། གོ་ལ་ཧྲིལ་པོའི་མཐོང་རྒྱ། སྒོ་དབྱེའི་བློ་རྒྱ་བཅས་མངོན་པར་བྱས་ཡོད། རྒྱལ་ཁབ་མང་པོའི་མི་སྣས། ནང་འདྲེན་འགྲེམས་ཚོགས་ལས་ཀྲུང་གོས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུར་འབད་བརྩོན་བྱེད་ལུགས་འཛམ་གླིང་སྐྱེ་བོ་ཀུན་གྱིས་མཐོང་ཐུབ་པར་བྱས་ཏེ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོའི་ཁྲོམ་རར་ཡུན་རིང་ཞུགས་པའི་ཡིད་ཆེས་སྔར་བས་བརྟན་དུ་སོང་ཡོད་ཅེས་བརྗོད་པ་རེད།

    “ནང་འདྲེན་འགྲེམས་ཚོགས་ནི་ཐོན་རྫས་དང་ལག་རྩལ་འགྲེམས་སྟོན་བྱེད་སའི་སྐར་ཁུང་ཞིག་ཡིན་པ་མ་ཟད། འཛད་སྤྱོད་པ་དང་སྦྲེལ་མཐུད་དང་མཉམ་ལས་ཟབ་ཏུ་གཏོང་བའི་ལས་སྟེགས་ཤིག་ཏུ་དེ་བས་གྱུར་ཡོད” པའོ་ཅེ་ཀྲུང་གོའི་ཁུལ་གྱི་ཙུང་ཚའེ་དང་པའོ་ཅེ་གོ་ལ་ཧྲིལ་པོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞུས་མིན་གྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ཀྲུང་གོས་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་དང་བསྟུན་ནས་གཞི་ཁྱོན་ཆེ་བའི་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། ཀྲུང་གོར་ཡོད་པའི་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་ལ་འཕེལ་རྒྱས་ཀྱི་བར་མཐོངས་དེ་བས་ཆེ་རུ་འགྲོ་རྒྱུ་དང་ཀྲུང་གོར་ཡུན་རིང་འབད་བརྩོན་བྱེད་པའི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བརྫོད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།