ཚན་རྩལ་སྤྱད་ནས་འབྲོག་ཁུལ་དར་བར་བྱེད། དམངས་ལ་ཕན་བདེ་བསྐྲུན་ནས་དུས་བདེ་སྲུང་།
—— མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་གྲངས་འཛིན་གྲོང་གསེབ་དཔེ་སྟོན་རྫོང་འཛུགས་གཏོད་གཏིང་ཟབ་བྱས་པའི་མཐོང་ཐོས།
2026ལོའི་ཟླ་3པར། ས་བབ་མཐོ་བའི་འབྲོག་ཁུལ་དུ་སྤྱིར་ན་གནས་པའི་ས་རྒྱ་ཆེ་ལ་མི་འབོར་ཉུང་བ་དང་། དུད་ཚང་ཁ་ཐོར་བ། གཞི་རིམ་བཅོས་སྐྱོང་དཀའ་བ་བཅས་ཀྱི་ཞན་ཆར་དམིགས་ནས། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གིས་གྲངས་འཛིན་གྲོང་གསེབ་དཔེ་སྟོན་རྫོང་འཛུགས་གཏོད་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་རེད།
སྒེར་རྩེ་རྫོང་གིས་སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་འཛུགས་གཏོད་ཐབས་ལམ་འཚོལ་ཞིབ་བྱས་ཤིང་། རྫོང་ཨུད་རྩ་འཛུགས་པུས་སྣེ་ཁྲིད་པ་དང་གྲོང་སྡོད་རྫོང་གཞུང་ལས་ཁང་གིས་སྤྱི་འདོམས་སྐུལ་འདེད་བཏང་ནས། གྲོང་སྡོད་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སིའི་ལས་དོན་རུ་ཁག་དང་མཉམ་དུ་ཕྱོགས་མང་གི་སྟོབས་ཤུགས་གཅིག་སྒྲིལ་གྱིས་གྲངས་འཛིན་གྲོང་གསེབ་འཛུགས་གཏོད་ཀྱི་འགག་སྒྲོལ་དམག་འཐབ་བརྒྱབ་པ་རེད།
“ང་ཚོས་རྫོང་ཡོངས་ཀྱི་གྲོང་ཚོ(སྡེ་ཁུལ)28དུ་བསྐྱོད་དེ་ས་ཡུལ་དངོས་སུ་རྩད་ཞིབ་བྱས་པ་དང་། འབྲོག་ཁུལ་གྱི་བདེ་སྲུང་ཉམས་ཞན་དང་། ཞབས་ཞུ་རྗེས་ལུས། བཅོས་སྐྱོང་གི་ལས་ཕྱོད་ཞན་པ་སོགས་ཀྱི་ལྟེ་བའི་གནད་དོན་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱས་མཐར‘དྲ་གཅིག་ཁུལ་ཡོངས་ལ་ཁྱབ་པ་དང་། ལས་སྟེགས་གཅིག་གིས་སྤྱི་འདོམས། ཡུལ་རྣམ་མང་པོ་ཉེར་སྤྱོད’བཅས་ཀྱི་ཚན་རིག་དང་མཐུན་པའི་འཛུགས་གཏོད་བསམ་ཕྱོགས་གཏན་འཁེལ་བྱས་ཡོད”ཅེས་མངའ་རིས་ས་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། སྒེར་རྩེ་རྫོང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ། ཁག་བཅུ་བཞི་པའི་གྲོང་སྡོད་སྤྱི་ཁྱབ་སྣེ་ཁྲིད་པ་བཅས་ཡིན་པའི་འཇམ་དབྱངས་རྡོ་རྗེས་ངོ་སྤྲོད་བྱས།
འཛུགས་གཏོད་ཀྱི་ཁ་ཕྱོགས་ཡང་དག་བཙལ་ཞིང་། སྒེར་རྩེ་རྫོང་གིས་སྒོར་ཁྲི་30གྲབས་གསོག་བྱས་ཏེ་དྲ་ཆེན་གྲོང་ཚོ་ཀུན་ཁྱབ་དང་། ཁུལ་ཁོངས་ཡོངས་ཀྱི་AIལྟ་སྐུལ་ཚོད་འཛིན། རིག་ལྡན་སྤྲིན་ཚོམ་ལས་སྟེགས་སོགས་གྲངས་འཛིན་ཅན་གྱི་གཙོ་གནད་རྣམ་གྲངས་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་རྒྱུར་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། གྲངས་འཛིན་ཅན་གྱི་རྨང་གཞིའི་རྣམ་གྲངས་རབ་དང་རིམ་པས་འབྲོག་ཁུལ་གྱི་ནུས་ཆེའི་བཅོས་སྒྲིག་དང་། འཕྲལ་སྡོམ་ཐག་གཅོད། དམངས་ཕན་ཞབས་ཞུ་བཅས་ཀྱི་འཕྲིན་གཏོང་གི་རྨང་གཞི་བརྟན་དུ་བཏང་ནས། རིགས་ཁག་གི་རིག་ལྡན་བཀོལ་སྤྱོད་བྱ་ཡུལ་རྩྭ་ཐང་དུ་གཞི་ཚུགས་པ་དང་ཕན་འབྲས་ཐོན་རྒྱུར་འགན་ལེན་བརྟན་པོ་བྱས་ཡོད།
“མ་མིག་ཤང་ཞིང་ཆེན་གྲོང་ཚོའི་ས་རྒྱ་ཆེ་བ་དང་འབྲོག་དུད་ཁ་ཐོར་ཡིན་པས་སྔོན་ཆད་རི་སྐྱེས་སྲོག་ཆགས་ཀྱི་གནོད་འཚེ་འགོག་པ་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་པར་མི་མངགས་ནས་སྐོར་ཞིབ་བྱེད་དགོས་པས་དུས་ཚོད་འགོར་ལ་མི་མང་པོ་དགོས་པ་མ་ཟད། ད་དུང་ལྟ་འདོམས་བྱེད་དཀའ་བའི་ཁུལ་མང་པོ་ལྷག་གི་ཡོད”ཅེས་གྲོང་སྡོད་ཀྲུང་གོ་སྒུལ་བདེ་བོད་ལྗོངས་ཀུང་སི་ཁག་བཅུ་བཞི་པའི་ལས་དོན་རུ་ཁག་གི་ཧྲུའུ་ཅི་དང་པོ་པ་སངས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས། ད་ཆ་ཁུལ་ཁོངས་ཡོངས་ཀྱི་AIལྟ་སྐུལ་ཚོད་འཛིན་མཉམ་འགུལ་རིག་ལྡན་སྤྲིན་ཚོམ་ལས་སྟེགས་ཀྱིས“མཁའ་དབྱིངས་རྒྱང་ཚོར་སྐོར་ཞིབ་དང་། དྲ་ཐོག་ལས་སྟེགས་དོ་དམ་ཚོད་འཛིན། སྤྲིན་ཚོམ་དུས་ཐོག་སྐོར་སྲུང”བཅས་ཀྱི་ཕྱོགས་བསྡུས་ཅན་གྱི་བདེ་འཇགས་འགོག་སྲུང་མ་ལག་བསྐྲུན་ནས་ཆུ་ཚོད་24ཡི་རིང་འབྲོག་ཁུལ་གྱི་རྩྭ་ར་དང་། ཕྱུགས་རིགས། མང་ཚོགས་བཅས་ཀྱི་བདེ་འཇགས་རྒྱུན་ཆད་མེད་པར་སྲུང་གི་ཡོད།
གྲངས་འཛིན་བཅོས་སྐྱོང་གི་ནུས་པ་བདེ་འཇགས་འགོག་སྲུང་ཁྱབ་ཁོངས་ཙམ་མ་ཡིན་པར། ཕྱོགས་ཡོངས་ལ་ཁྱབ་པར་བྱེད་ཀྱི་ཡོད། གྲངས་འཛིན་ཅན་གྱི་ལྟ་འདོམས་མ་ལག་ལ་བརྟེན་ནས་ལྷ་སྒོ་མཚོ་དང་འོ་མ་མཚོ་སོགས་ཀྱི་སྐྱེ་ཁམས་མཛེས་ལྗོངས་ཁུལ་ལ་འགུལ་རྣམ་ཅན་གྱི་དོ་དམ་ཚོད་འཛིན་ཐུབ་པ་དང་ཆབས་ཅིག སྐྱེ་ཁམས་སྲུང་སྐྱོང་དང་ཡུལ་སྐོར་བའི་བདེ་འཇགས་ལ་ལྟ་སྲུང་ཐུབ་ཡོད། རྩྭ་རའི་རྩོད་གཞི་དང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སོགས་གཞི་རིམ་གྱི་གནད་དོན་ཚང་མ་དྲ་ཐོག་ནས་གོང་ཞུ་དང་། རིག་ནུས་ཁག་བགོས། གདུབ་ཟུམ་ཐག་གཅོད། བརྒྱུད་རིམ་ཧྲིལ་པོར་ཟིན་འགོད་བཅས་མངོན་འགྱུར་བྱུང་ནས། གཞི་རིམ་བཅོས་སྐྱོང་གི་བརྡ་ལན་མྱུར་ཚད་དང་ཐག་གཅོད་ལས་ཕྱོད་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་པས་དེས་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་དངོས་དངོས་རྗེན་རྗེན་གྱི་སྟབས་བདེ་བསྐྲུན་ཡོད།
ད་ཆ་གྲངས་འཛིན་གྲོང་གསེབ་ཀྱི་རིག་ལྡན་སྤྲིན་ཚོམ་ལས་སྟེགས་ལ་བརྟེན་ནས་རྫོང་ཡོངས་སུ་གྲོང་སྡོད་ཟུར་བཙུགས་རྩིས་ཁྲ་དང་སྙན་ཞུའི་རེའུ་མིག་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ“རེའུ་མིག་མང་པོ་གཅིག་སྒྲིལ་དང་དྲ་བ་གཅིག་གིས་གཅིག་འདོམས”ཐུབ་པ་བྱས་ནས། གྲོང་སྡོད་ལས་བྱེད་པའི་དཔྱད་གཞིའི་རེའུ་མིག་རྒྱོང་ཚད་80%ཡན་ཉུང་དུ་བཏང་ཡོད། ལས་ཀའི་འགུལ་རྣམ་སྙན་སེང་དང་གནད་དོན་གྱི་ཁུངས་སྣེ་གོང་ཞུ་སོགས་རྒྱུན་གཏན་གྱི་ལས་དོན་ཚང་མ་དྲ་ཐོག་ནས་བསྒྲུབས་ཏེ་རེའུ་མིག་རྒྱོང་ཐེངས་གཅིག་ལ་ཕྱོགས་མང་མཉམ་སྤྱོད་ཐུབ་པ་བྱས་ཡོད།
གྲངས་འཛིན་ཅན་གྱིས་མཐུན་རྐྱེན་སྦྱར་བས་གྲོང་ཚོ་རིམ་པའི་རང་སྐྱོང་གི་གསོན་ཤུགས་གསར་པ་འཕེལ་ཡོད། གྲོང་ཚོ་ཁག་གི“ཨུ་ལྷན་གཉིས”ཀྱིས་གྲངས་འཛིན་ཅན་གྱི་བཅོས་སྒྲིག་ཞབས་ཞུའི་རྣམ་པར་བརྟེན་ནས་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་རྒྱུན་གཏན་གྱི་ལས་ཀའི་རྩིས་ཁྲ་སོགས་ཀྱི་ཆ་འཕྲིན་ཚང་མ་ལས་སྟེགས་ཀྱི་གཅིག་གྱུར་དོ་དམ་བྱེད་ཁོངས་སུ་བཅུག་པ་དང་། གྲོང་དོན་ཡོངས་བསྒྲགས་དང་འགལ་ཟླ་འདུམ་འགྲིག་སོགས་ཀྱི་ལས་དོན་ཚང་མ་དྲ་ཐོག་ནས་གཉེར་ཆོག་པ་དང་བརྒྱུད་རིམ་ཧྲིལ་པོར་ཟིན་འགོད་ཁུངས་འདེད་ཆོག་པས། གྲོང་ཚོ་རིམ་པའི་རང་སྐྱོང་དེ་བས་ཚད་ལྡན་ཁ་གསལ་དང་ནུས་ཆེ་སྟབས་བདེ་ཡོང་བར་བྱས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།