ལྗོངས་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ས་ཡུལ་དངོས་ཀྱི་ལྟ་སྦྱོང་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྗོངས་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་ས་ཡུལ་དངོས་ཀྱི་ལྟ་སྦྱོང་གསོ་སྦྱོང་ཕྱོགས་སྡོམ་དང་སྤེལ་རེས་ཚོགས་འདུ་དེ་ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དུ་འཚོགས་ཤིང་། ལྗོངས་ཡོངས་ཀྱི་ས་གནས་ཁག་གི་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འགན་འཁུར་བ་གཙོ་བོ་དང་རིགས་གཅིག་མཁས་ཅན་ལྟ་སྦྱོང་སྤེལ་རེས་ནང་ཞུགས་ནས་གཞི་རིམ་གྱི་ཉམས་མྱོང་ཕྱོགས་སྡོམ་དང་ལས་ཀའི་ཞན་ཆ་བཙལ་ཏེ། ལྗོངས་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་ལས་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་མཉམ་དུ་སྐུལ་འདེད་བཏང་བ་རེད།
ཟངས་རི་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་ཐང་གནས་བབ་མངོན་གསལ་དོད་སར་འཇོག་རྒྱུ་མཐའ་འཁྱོངས་བྱས་ཏེ། 2025ལོར་རང་སྐྱོང་ལྗོངས་རིམ་པའི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་གྱི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་པ་དང་། མིག་སྔར་རྒྱལ་ཁབ་རིམ་པའི་དཔེ་སྟོན་ཁུལ་གཏོད་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད། རྫོང་དེའི་གཅོང་ནད་ཚོད་འཛིན་ལས་དོན་སྤེལ་སྟངས་དེས་ལྗོངས་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་ལ་ལྟ་སློབ་འདྲ་བཟོ་དང་། དཔྱད་གཞིར་འཛིན་སའི་ཉམས་མྱོང་ཞིག་མཁོ་འདོན་བྱས་ཡོད།
གཅོང་ནད་ལ་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་བྱེད་པ་ནི་བདེ་ཐང་བོད་ལྗོངས་འཛུགས་གཏོད་ཀྱི་རྨང་གཞིའི་རང་བཞིན་དང་ཐ་སྐྱོང་རང་བཞིན་གྱི་འདུ་འགོད་ཅིག་ཡིན་པས། མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་བདེ་རྩ་དང་འབྲེལ་བ་དམ་ཟབ་ཡོད། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་མཉམ་དུ་ཤུགས་རྒྱག་པ་དང་། སྙིང་རུས་གཏན་འཁྱོངས་བྱས་ནས་གཅོང་ནད་སྔོན་འགོག་དང་ཚོད་འཛིན་གྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་བའི་ཐོག དཔེ་སྟོན་ཁུལ་གཏོད་པའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་སྟེ་གཞི་རིམ་ལ་གྲལ་བཤེར་ཐེ་ཇུས་དང་། དོ་དམ་ཚད་ལྡན། བདེ་ཐང་ཡོང་བ་སོགས་ཀྱི་ལས་དོན་བརྟན་པོའི་ངང་སྤེལ་བས། རྫོང་དང་ཆུས་ཁག་གཅིག་ལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཏོད་ནས། ལྗོངས་ཡོངས་ཀྱི་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།