དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཡུལ་སྨད་ཀྱི་མཐའ་མཚམས་སྲུང་མཁན་མི་རབས་གསུམ་པ་པ་སངས་སྒྲོལ་དཀར་གྱིས་བརྗོད་དོན།

    “ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་པ་ཁྱིམ་གྱི་བསླབ་བྱ་ཡིན།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-11-07

    “ཆུང་དུས་རྟག་ཏུ་ཨ་མ་དང་མཉམ་དུ་རིར་ཕྱུགས་འཚོལ་བར་འགྲོ་གི་ཡོད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད། སྤོ་བོ་སངས་རྒྱས་ཆོས་པ་དང་ཨ་མ་སྒྲོལ་དཀར་ཡིན་པའི་པ་སངས་སྒྲོལ་དཀར་ད་ཆ་ཡུལ་སྨད་ཤང་སྨྱུག་གླིང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་ཞིང་། སྤོ་བོ་ནས་པ་སངས་སྒྲོལ་དཀར་བར་མཐའ་མཚམས་སྲུང་མཁན་མི་རབས་གསུམ་པར་སླེབས་ཟིན་པས། “མི་གསུམ་ཤང”ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    “དེ་དུས་འདི་གར་ཁང་པ་ཧ་ཅང་ཉུང་བས་ཕར་ལྟ་དུས་རྩྭ་ཐང་དང་ནགས་ཚལ་གྱིས་ཁེངས་ཡོད”ཅེས་པ་སངས་སྒྲོལ་དཀར་གྱིས་རི་རྩེ་ནས་ཡུལ་སྨད་ཀྱི་གྲོང་རྡལ་ཆུང་ངུར་ལྟ་བཞིན་མྱོང་ཚོར་ཟབ་མོའི་ངང་བཤད།

    པ་སངས་སྒྲོལ་དཀར་གྱི་བྱིས་དུས་འཚོ་བ་སྐྱེལ་ས་ནི་འབྲོག་ར་དང་ནགས་རིར་ཡིན་ཞིང་། དབྱར་གསེང་དང་དགུན་གསེང་འཆར་རིམ་བཞིན་ཁོང་གིས་དུས་ཚོད་མང་ཆེ་བ་འབྲོག་རར་ལོག་ནས་ནང་མི་དང་མཉམ་དུ་ཕྱུགས་འཚོས་ནས་སྡོད་ཀྱི་ཡོད།

    སྐབས་དེ་དུས་གཞུང་ལམ་ད་དུང་ཤར་གཏོང་ཐུབ་མེད་པའི་ཁར་ཤང་དུ་སློབ་གྲྭ་མེད་པས་ལོ་ན་ཆུང་བའི་པ་སངས་སྒྲོལ་དཀར་རྐང་ཐང་མར་ལ་ཀླུང་བརྒལ་ཏེ་གསང་སྔགས་ཆོས་གླིང་ཤང་ཆ་ཚང་སློབ་ཆུང་བར་ཉིན་བཞི་ལྔ་ཙམ་སྐྱོད་དགོས་པས་སློབ་དུས་རེར་ནང་ལ་ཐེངས་རེ་ལས་ལོག་ཐུབ་ཀྱི་མེད། པ་སངས་སྒྲོལ་དཀར་ལྷུན་རྩེ་རྫོང་སློབ་འབྲིང་དུ་དམའ་འབྲིང་འགྲིམ་པ་དང་། ལྷོ་ཁ་གྲོང་ཁྱེར་མཐོ་འབྲིང་གཉིས་པར་མཐོ་འབྲིང་འགྲིམས་རྗེས་ཅང་ཤིས་ནན་ཁྲང་དུ་སློབ་ཆེན་འགྲིམ་པར་བསྐྱོད།

    2019ལོར་སློབ་གྲྭ་ཆེན་མོ་ཐོན་སྐབས་མ་གཞི་པ་སངས་སྒྲོལ་དཀར་ལ་གདམ་ག་མང་པོ་ཡོད་མོད་ཀྱང་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཡུལ་སྨད་དུ་ལོག་ནས་གྲོང་གསེབ་དར་རྒྱས་གཏོང་མཁན་ཆེད་བསྐོས་པ་ཞིག་བྱས།

    པ་སངས་སྒྲོལ་དཀར་གྱིས“ཡུལ་སྨད་ལ་ང་དེ་བས་མཁོ་ལ། ང་རང་ཡང་ཡུལ་སྨད་དང་ཁ་འབྲལ་མི་ཐུབ”ཅེས་བཤད།

    2025ལོར་པ་སངས་སྒྲོལ་དཀར་སྨྱུག་གླིང་ཐང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཅིག་ལྕོགས་སུ་བདམས་ཤིང་། སློབ་ཆེན་ཐོན་པའི་སློབ་གྲྭ་ཆེ་མོ་བ་ཞིག་ནས་གྲོང་ཚོའི་སྣེ་འཁྲིད་མཁན་བར་པ་སངས་སྒྲོལ་དཀར་འཚར་ལོངས་མྱུར་པོ་བྱུང་དོན་ནི་དད་སེམས་ཀྱི་ལམ་སྟོན་ཡོད་པ་དང་ཁ་འབྲལ་ཐབས་མེད།

    “ལས་ཀའི་ཁྲོད་དུ་དཀའ་ངལ་འཕྲད་རིམ་བཞིན་དཀའ་ཚེགས་ཆེ་བའི་ལོ་ཟླར་སྤོ་བོ་ལགས་དང་ཨ་མ་ལགས་ཀྱིས་དཀའ་ངལ་ཆེན་པོ་གང་ཞིག་འཕྲད་ཀྱང་ཁྱད་བསད་ཐུབ་ཡོད་པས་ངས་དཀའ་ངལ་ཆུང་ངུ་འདི་འདྲ་སེལ་མ་ཐུབ་པ་ག་ལ་ཡོད་སྙམ་གྱི་འདུག”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

    སྨྱུག་གླིང་ཐང་གྲོང་ཚོའི་དུད་ཚང་11དང་ཡུལ་མི་50མང་ཆེ་བ་ཆོས་ཟམ་གྲོང་ཚོ་ནས་གནས་སྤོས་བྱས་པ་ཤ་སྟག་ཡིན་ཞིང་། གཞི་རིམ་གྱི་ལས་ཀ་མང་ཆེ་བ་དོན་ཆུང་ཙག་ཙིག་ཡིན་པས་པ་སངས་སྒྲོལ་དཀར་གྱིས་ཚང་མ་འཕྱུགས་པ་མེད་པར་སྒྲུབ་ཀྱི་ཡོད།

    གྲོང་ཚོའི་ལས་དོན་གལ་ཆེན་ཞིག་ནི་སྒྲོག་འགྲེལ་བྱ་རྒྱུ་དེ་ཡིན་སྟབས། ཁོང་གིས་སྲིད་ཇུས་དང་ཆ་འཕྲིན་སྣ་ཚོགས་འཚོ་བསྡུ་བྱས་ཏེ་ཕལ་སྐད་ལ་བསྒྱུར་བ་དང་། དུད་ཚང་རེ་རེ་བཞིན་ལ་གསལ་འགྲེལ་བྱས་ནས། སྲིད་ཇུས་ཡག་པོ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་མ་ཟད། ཚང་མར་ལས་ཞུགས་དང་འཚོ་བའི་ཆ་འཕྲིན་དེ་བས་མང་བ་ཤེས་སུའང་བཅུག་ཡོད།

    འགྲན་སློང་སྔར་བས་ཆེ་བ་ཞིག་འཕྲད་པ་ནི་ཡུལ་མིར་འབབ་འཕར་ཇི་ལྟར་ཡོང་བར་བྱ་རྒྱུ་དེ་ཡིན་སྟབས། པ་སངས་སྒྲོལ་དཀར་གྱིས་དེའི་དོན་དུ་ཇུས་འགོད་ཧུར་ཐག་བྱས་ཤིང་། 2025ལོར་གྲོང་ཚོས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་དང་མཉམ་དུ་བེད་མེད་ཞིང་ཁར་ཀོ་ཤ་སྡོང་ཕྲུག་1000ཚོད་འདེབས་བྱས་པར་སྐྱེ་འཚར་ཡག་པོ་བྱུང་ཡོད།

    “ང་ཚོས་སང་ལོའི་ཟླ་ལྔ་པ་དང་དྲུག་པར་འདེབས་ཁྱོན་ཆེ་རུ་མུ་མཐུད་བཏང་སྟེ། ཕྱོགས་གཅིག་ནས་ཡུལ་སྐོར་ལ་བརྟེན་ནས་བྲིན་ཚོང་ཡོང་བར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་དྲ་ཚོང་ལ་བརྟེན་ནས་ཁྱབ་གདལ་གཏོང་རྩིས་ཡོད། ལོ་འདི་དག་རིང་། ཤང་མཉམ་ལས་ཁང་ལ་བརྟེན་ནས་ཡུལ་སྨད་དུ‘སྐལ་བཟང་མེ་ཏོག’གི་སྤུས་རྟགས་བཏོད་དེ་སྙི་བ་དང་། དབྱར་རྩྭ་དགུན་འབུ། སྤོས་སོགས་ཁྱད་ལྡན་ཐོན་རྫས་ཁྲོམ་ར་དེ་བས་ཆེ་བར་བྲིན་ཁ་རྒྱུག་པོ་ཡོང་བར་བྱས་ཡོད་ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

    “སྔོན་མ་སྤོ་བོ་ལགས་ཀྱིས་ཨ་མར་ཕྱིས་འབྱུང་ཡུལ་སྨད་ལ་འགྱུར་ལྡོག་ཆེན་པོ་ཡོང་ངེས་རེད་ཅེས་རྟག་ཏུ་ཤོད་ཀྱི་ཡོད། ད་ཆ་ཡུལ་སྨད་ལ་སྤོ་བོ་ལགས་ཀྱིས་གསུངས་པ་ཏག་ཏག་ར་འཕྲོད་ཐུབ་ཡོད”ཅེས་པ་སངས་སྒྲོལ་དཀར་གྱིས་བཤད།

    “ཁྱིམ་ནི་ཡུལ་སྨད་དང་། རྒྱལ་ཁབ་ནི་ཀྲུང་གོ་ཡིན”ཞེས་ཁོང་གི་སྤོ་བོ་ལགས་ཀྱི་བཀའ་མོལ་དེ་སྔ་ས་ནས་ཁོང་ཁྱིམ་གྱི་བསླབ་བྱར་གྱུར་ཡོད།

    ན་ནིང“ཟླ་དགུ་ཚེས་གསུམ་གྱི་དམག་གཟིགས”གི་ས་ཡུལ་དངོས་ལ་མཐའ་མཚམས་ས་ཁུལ་གྱི་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ཡིན་པའི་པ་སངས་སྒྲོལ་དཀར་ལྟ་བར་སླེབས་ཤིང་། རྔམ་བརྗིད་ལྡན་པའི་རྣམ་པ་མཐོང་སྐབས། “རྒྱལ་ཁབ་ཡོད་ཚེ་གཞི་ནས་ཁྱིམ་ཚང་ཡོད་པ་དང་། རྒྱལ་ཁབ་སྟོབས་དང་ལྡན་ཚེ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་ལ་གཞི་ནས་བདེ་འཇགས་ཚོར་སྣང་ཡོང་བ་དང་སེམས་པ་གནས་བཟོད་བདེ་པོ་ཡོང་ཐུབ”ཅེས་པ་སངས་སྒྲོལ་དཀར་གྱིས་མིག་ལ་མཆི་ཞག་འཁོར་བཞིན་དུ་བཤད།

    “ཕྲུ་གུ་སོ་སོར་རང་ཉིད་ཀྱི་འཚོ་བ་ཡོད་ནའང་། ‘བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན’གྱི་དད་སེམས་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱི་ཡིན”ཞེས་ཕྲུ་གུའི་ཨ་མ་ཡིན་པའི་པ་སངས་སྒྲོལ་དཀར་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།