དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱིས་མཛེས་མཐུན་གྲོང་གསེབ་སྐྲུན་མགྱོགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཧུང་ཧྲུའེ་གྲོང་རྡལ་ཨ་ཏུང་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་ལམ་བུ་གཙང་ཞིང་ཁོད་སྙོམས་པ་དང་། ཡུར་བུའི་ནང་ཆུ་ཤང་ཤང་དུ་རྒྱུག་པ། སྲང་ལམ་དུ་ལམ་སྒྲོན་གྲལ་སྟར་སྒྲིག་པ། རིག་གནས་གྱང་ཐོག་རྨ་ཆུ་དང་ཙོང་ཆུའི་ཡུལ་སྲོལ་གོམས་གཤིས་མངོན་པ་སོགས་མིག་ལམ་དུ་འཆར། གྲོ་ཚང་ཆུས་ཀྱིས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་སྔོན་སྒྲུབ་ལས་དོན་ལ་བརྩིས་ཤིང་། 2026ལོར་སྐྲུན་འགོ་ཚུགས་པའི་གཉན་པོ་སྲང་ལམ་གྱི་ཝང་ཅ་གྲོང་ཚོ་དང་ཧུང་ཧྲུའེ་གྲོང་རྡལ་ཨ་ཏུང་གྲོང་ཚོ་སོགས་སྲིད་འཛིན་གྲོང་ཚོ་4ཡི་མཛེས་མཐུན་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་རེད། མིག་སྔར་ལས་གྲྭའི་90%ལེགས་གྲུབ་ཟིན་ནས། ལམ་བུ་བདེ་ཞིང་ཡུར་ཆུ་གཙང་ལ་གྲོང་ཚོ་མཛེས་ཞིང་མི་སེམས་མཐུན་པའི་ས་མཐོའི་གནས་འཕྲོད་གྲོང་གསེབ་ཅིག་ཙོང་ཆུའི་ངོགས་ནས་མི་རྣམས་ཀྱི་འདྲེན་བྱེད་ཡུལ་དུ་འཆར་བཞིན་ཡོད་པ་རེད།

    ས་མཐོའི་རི་ཁུལ་དུ་གྲོང་སྡེ་ཁ་ཐོར་དུ་གནས་པ་དང་ཞིང་ཆུ་འདྲེན་པ་དང་འབྲུབ་ཆུ་འགོག་པའི་དགོས་མཁོ་ཆེ་བའི་དོན་དངོས་ལ་དམིགས་ནས། འདི་ལོ་གྲོ་ཚང་ཆུས་ཀྱིས་རྣམ་གྲངས་ཀྱིས་སྣེ་ཁྲིད་དང་གནད་སྨིན་ཇུས་བསྟར་བྱེད་པ་མཐའ་འཁྱོངས་ཀྱིས་གྲོང་ཚོའི་ལམ་བུ་སྒྱུར་བཀོད་དང་། ཉི་གློག་ལམ་སྒྲོན་བསྒར་བ། ཞིང་ཆུ་འདྲེན་སའི་ཡུར་བུ་ཉམས་བཟོ། ཆུ་ལོག་གཤོང་བའི་ཡུར་བུ་དང་ཆུ་གསོག་རྫིང་བུ་གསར་དུ་སྐྲུན་པ་སོགས་ཀྱི་ལས་གྲྭར་སྤྱི་འདོམས་སྐུལ་འདེད་བཏང་བ་དང་ཆབས་ཅིག་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་། ངོས་སྲུང་གྱང་སྐྲུན་པ། གད་པ་བཅོས་སྒྲིག་སོགས་ལྷན་སྦྱར་ལས་གྲྭ་ལག་ལེན་བསྟར་ནས། མང་ཚོགས་འགྲོ་སྐྱོད་དཀའ་བ་དང་། ཞིང་ཆུ་འདྲེན་དཀའ་བ། འཐུང་ཆུ་ལེན་དཀའ་བ་སོགས་ཀྱི་དམངས་འཚོའི་དཀའ་གནད་བསལ་ཡོད། དེ་དང་དུས་མཚུངས་རིག་གནས་དང་ལུས་རྩལ་གྱི་ལྷན་སྦྱར་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཚོ་རིམ་པའི་རིག་གནས་ཐང་ཆེན་དང་གྲོང་གསེབ་གར་སྟེགས་བསྐྲུན་པ་དང་། ཁྱད་ལྡན་གྱི་མཛེས་ལྗོངས་ས་ཚིགས་གཏོད་པ། ཞིང་དུད་ཀྱི་སྒོ་རའི་རྣམ་པ་སྒྱུར་བཀོད་བཅས་བྱས་ཏེ། ས་མཐོའི་གྲོང་གསེབ་ཀྱི་ཕྱིའི་བཀོད་པ་མཛེས་ལ་ནང་གི་དམངས་འཚོའི་སྒྲིག་བཀོད་ལེགས་པོ་ཡོང་བར་བྱས་ཡོད།

    གཞན་ཡང་། ཁྲོན་ཧྲུའེ་དང་། ཆན་ཧྲན། ནའོ་ཧྲན་བཅས་གྲོང་ཚོ་མི་འདྲ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་དུས་ཚིགས་དབྱེ་བ་དང་། རྒྱུན་རྣམ་ཅན། དམིགས་གཏད་རྣམ་པ་བཅས་ཀྱིས་གྲོང་ཚོར་གཙང་སྦྲ་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། དེ་དང་ཆབས་ཅིག ཕུགས་ཕན་གྱི་དོ་དམ་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས“དུད་ཚང་གིས་དབྱེ་གསེས་དང་། གྲོང་ཚོས་བསྡུ་ལེན། ཤང་གིས་དབོར་འདྲེན། ཆུས་ཀྱིས་ཐག་གཅོད”བཅས་བྱེད་པའི་གད་སྙིགས་གཙང་སེལ་གྱི་ཁོར་ཡུག་སྲུང་སྐྱོང་ལམ་སྲོལ་བཙུགས་པ་དང་། ལྗོངས་ཡོངས་ཀྱི་ཤང་དང་གྲོང་རྡལ(ཁྲོམ་གཞུང)20ལ་གཙང་སྦྲ་བྱེད་མཁན་354བཀོད་སྒྲིག་བྱས་པ། གད་སྙིགས་བསྡུ་ལེན་ས་ཚིགས་2800ལྷག་ཙམ་དང་གད་སྙིགས་དབོར་འདྲེན་རླངས་འཁོར་35བཀོད་སྒྲིག་བྱས་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྙིགས་རོ་གྲལ་བཤེར་བཅོས་སྒྲིག་གིས་ཁོར་ཡུག་བཅོས་སྒྲིག་དེ“རེ་ཞིག་མཛེས་པ”ནས“ཡུན་རིང་མཛེས་པའི”ཕྱོགས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད་པ་རེད། 


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།