ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་དུམ་བུར་ཕུག་ལམ་28དང་། ཟམ་པ་47 ལམ་གཞི་90བཅས་སྐྲུན་འགོ་ཚུགས་པ།
ལྕགས་ལམ་ཕན་ཚུན་སྦྲེལ། གཅིག་སེམས་གཅིག་ཏུ་བསྒྲིལ།

འདི་ནི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ཧྲིལ་པོའི་ཟམ་པ་མཐོ་ཤོས་ཁེ་ཆི་ཨ་ལེ་ཐེ་ཆུ་བོའི་སྟེང་གི་ཟམ་ཆེན་བསྐྲུན་ཡུལ་ཡིན་པ།
ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་དེ་ཀྲུང་གོའི་ཤིན་ཅང་ཁ་ཧྲི་ནས་འགོ་བཙུགས་ཏེ་ཐུར་ཀ་ཐེའི་རི་མདོ་བརྒྱུད་ཁེར་གྷི་སི་ཐན་བར་དང་། དེ་ནས་ནུབ་ཕྱོགས་སུ་ཁེར་གྷི་སི་ཐན་གྱི་མཐའ་མཚམས་གྲོང་ཁྱེར་ཅ་ལ་ལ་པ་ཏེ་བརྒྱུད་མཐར་ཨུ་ཟ་བྷེ་ཁི་སི་ཐན་གྱི་ཤར་རྒྱུད་གྲོང་ཁྱེར་ཨན་ཅི་ཡན་བར་ཡིན་པ་དང་། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་ཞིག་ཡིན་པའི་ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་གསུམ་གྱི་ལྕགས་ལམ་གྱིས་ས་ཁོངས་ཕན་ཚུན་སྦྲེལ་མཐུད་ཟབ་ཏུ་གཏོང་བ་དང་ས་ཁུལ་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཁུར་ཡོད། ཁེར་གྷི་སི་ཐན་གྱི་འགྲིམ་འགྲུལ་དང་འཕྲིན་གཏོང་པུའི་པུའུ་ཀྲང་ཐ་ལན་ཐེ·སོར་ཐུའོ་པ་ཡེ་ཕུའུ་ཡིས“ལྕགས་ལམ་འདི་ལས་ང་ཚོ་ཀྲུང་གོ་དང་། ཨེ་ཤེ་ཡ་དབུས་མ། དབུས་ཤར་ས་ཁུལ། ཐ་ན་ཡོ་རོབ་བཅས་དང་སྦྲེལ་མཐུད་ཐུབ་རྒྱུ་རེད”ཅེས་བཤད།
འཆར་འགོད་གཞིར་བཟུང་། ལྕགས་ལམ་དེ་ཁེར་གྷི་སི་ཐན་གྱི་འབྲོག་ལས་ཁུལ་གཙོ་བོ་བརྒྱུད་ཀྱི་ཡོད་ཅིང་། ཇུས་འགོད་ཚོགས་པས་ལམ་གཞི་དེར་ཕྱུགས་ཟོག་སེམས་ཅན་གྱི་བགྲོད་ལམ་300ཙམ་རང་སོར་བཞག་པ་དེ་དག་གི་ཞེང་ཚད་ལ་སྨི་4དང་མཐོ་ཚད་ལ་སྨི་4ཡོད་པ་མ་ཟད། ཁྱོན་ལམ་ཐག་སྤྱི་ལེ་105ཡོད་པའི་ཕུག་ལམ་དང་སྤྱི་ལེ་15ཡོད་པའི་ཟམ་པ་བརྒྱབ་ནས་ཕྱུགས་རིགས་རང་དགར་འགྲོ་བར་སྟབས་བདེ་བསྐྲུན་ལ་ལྕགས་ལམ་འཛུགས་སྐྲུན་ལས་འབྲོག་ལས་ཐོན་སྐྱེད་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་ཡང་བྱས་ཡོད། ཇུས་འགོད་ཚོགས་པས་ད་དུང་གྲོང་ཚོ་ལས་གཡོལ་གང་ཐུབ་བྱས་ཏེ་གཞི་ཁྱོན་ཆེན་པོས་ས་ཁང་བཤིག་མི་དགོས་པར་བྱས་ཡོད།
ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་གྱི་ཁེར་གྷི་སི་ཐན་དུམ་བུའི་ལམ་ཐག་ཧྲིལ་པོར་སྤྱི་ལེ་10ཡན་ཟིན་པའི་ནང་ཤིན་ཏུ་རིང་བའི་ཕུག་ལམ་3ཡོད་པ་དེ་དག་ལ་ས་མཐོའི་ཐེག་ཤུགས་ཀྱི་འགྲན་སློང་འཕྲད་ཡོད། ས་མཐོའི་ཐེག་ཤུགས་ལ་མངོན་ཚུལ་གཉིས་ཡོད་པ་ལས། གཅིག་ནི་མཁྲེགས་ཤིང་ཉེན་ཁ་ཆེ་བ་དེ་ཡིན། ཕུག་ལམ་རིམ་བཞིན་འབིགས་པ་དང་བསྟུན་རི་ཁོག་གི་དབུགས་གློ་བུར་དུ་ཕྱིར་ཐོན་ཏེ་བྲག་རྡོ་གས་ནས་མདེའུ་ལྟར་ཕྱིར་འཕེན་འོང་གི་ཡོད། གཞན་ནི་མཉེན་ཞིང་རྡིབ་ཉེན་ཆེ་བ་དེ་ཡིན། ལག་པས་བཟུང་ཚེ་བྲག་རྡོ་དག་ཞིབ་མོར་གྱུར་པ་དང་། ཆུ་དང་འཕྲད་ཚེ་འདམ་བག་ཆགས་འགྲོ་གི་ཡོད། མིག་སྔར་ཕུག་ལམ་འདི་གསུམ་པོའི་འཛུགས་སྐྲུན་རྣམ་གྲངས་བདེ་བླག་བྱུང་བཞིན་ཡོད།
མིག་སྔའི་བར། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་དབར་གྱི་ལྕགས་ལམ་ལ་ཕུག་ལམ་28དང་། ཟམ་པ་47 ལམ་གཞི་90སྐྲུན་འགོ་ཚུགས་ཡོད།
གྲངས་གཞི་ལས་མངོན་པར་གཞིགས་ན། ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་ཚད་ཡོད་ཀུང་སིས་ཁེར་གྷི་སི་ཐན་དུ་ཆེད་ལས་ཅན་གྱི་ལྕགས་ལམ་རྩལ་གསོ་སྦྱོང་རྟེན་གཞི་3བཙུགས་པར་རིམ་རྩིས་བརྒྱབ་ན་ས་གནས་དེ་གའི་ལས་མི་མི་ཐེངས་1800ལྷག་ཙམ་ལ་གསོ་སྦྱོང་བྱས་ཤིང་། མིག་སྔར་ཁེར་གྷི་སི་ཐན་གྱི་དམངས་ཚོགས་2000ལྷག་ཙམ་ཐག་ཉེ་སར་ལས་ཞུགས་ཐུབ་ནས་ཡོང་འབབ་བརྟན་པོ་བྱུང་ཡོད།
ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་གསུམ་གྱི་ལྕགས་ལམ་རྣམ་གྲངས་ཀྱིས་ད་དུང་ཁེར་གྷི་སི་ཐན་གྱི་ཨར་ལས་རྒྱུ་ཆ་དང་། ལས་གྲྭའི་འཕྲུལ་ཆས། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཐོན་ལས་སྔ་མ་དང་ཕྱི་མ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་བྱུང་ཞིང་། ཀྲུང་གོ་ལྕགས་ལམ་རྒྱལ་སྤྱིའི་ཚད་ཡོད་ཀུང་སིའི་ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་རྣམ་གྲངས་པུའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཝང་ཡུང་ཧྲུན་གྱིས “མིག་སྔའི་བར་རྣམ་གྲངས་དེས་ས་གནས་ལ་རིམ་རྩིས་བརྒྱབ་ན་དངོས་ཟོག་ཉོ་སྒྲུབ་དང་། སྒྲིག་ཆས་བོགས་གཏོང་བྱས་པ་སུའུ་མུའུ་སྒོར་དུང་ཕྱུར་124(མི་དམངས་ཤོག་སྒོར་དུང་ཕྱུར་9.5དང་མཚུངས)ལས་བརྒལ་ཡོད”ཅེས་བཤད།
ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པས་ད་དུང་སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་བསྒྲུབས་ཡོད་ཅིང་། ཁེར་གྷི་སི་ཐན་ཨ་ཁེ་ཐ་ལིན་ཆུས་ཨ་ཐའེ་ཤང་མོ་ལུའོ་ཐུའོ་ཕུའུ་གྲོང་ཚོར་ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་སྨི་3000ཟིན་པའི་ཆུ་ཡུར་བཟོས་པ་དང་རིང་ཚད་ལ་སྨི་3000ཟིན་པའི་འཐུང་ཆུའི་མདོང་ལམ་བཏིངས་ནས་གྲོང་ཚོ་ཡོངས་ཀྱི་དུད་ཚང་118ཀྱི་ཡུལ་མི་400ལྷག་ཙམ་ལ་ཆུ་གཙང་མ་འཐུང་རྒྱུ་བྱུང་ཡོད། “ས་ཁུལ་དེའི་སྲིད་གཞུང་ནས་ཆེད་མངགས་ཐུགས་རྗེ་ཆེ་ཞུ་བའི་ཡི་གེ་འབྱོར་བྱུང”ཞེས་ཀྲུང་གོ་ལྕགས་ལམ་རྒྱལ་སྤྱིའི་ཚད་ཡོད་ཀུང་སིའི་ཀྲུང་ཁེར་ཨུ་གསུམ་གྱི་ལྕགས་ལམ་རྣམ་གྲངས་པུའི་ལྕགས་ལམ་ཞེང་ཆེའི་ལྕགས་ལམ་བཀོད་འདོམས་པུའི་འགན་འཁུར་བ་ལིའུ་ཏུང་ཧྲེང་གིས་བཤད། བསྡོམས་རྩིས་བྱས་པར་གཞིགས་ན། 2026ལོ་ནས་བཟུང་། ཀྲུང་གོ་དང་། ཁེར་གྷི་སི་ཐན། ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱིས“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་29ལག་ལེན་བསྟར་བར་རིམ་རྩིས་བརྒྱབ་ན་མི་དམངས་ཤོག་སྒོར་ཁྲི་723ཙམ་བཏང་ཡོད། དེའི་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རིགས་ཀྱི་རྣམ་གྲངས་19དང་། སློབ་གསོའི་བློ་འདྲིའི་རིགས་ཀྱི་རྣམ་གྲངས་5 དབུལ་པོ་ཉུང་གཏོང་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་རིགས་ཀྱི་རྣམ་གྲངས་5བཅས་ཚུད་ཡོད་པ་དེ་དག་དེ་གའི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་། སློབ་གསོ་འཕེལ་རྒྱས། དམངས་འཚོ་འགན་ལེན་སོགས་སུ་ཁྱབ་སྟེ“ལས་གྲྭ་གཅིག་སྐྲུན་རིམ་བཞིན་དེ་གའི་མི་སེར་ལ་བདེ་སྐྱིད”བསྐྲུན་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།