དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གདེང་ཚོད་བརྟན་པོ་དང་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་གི་ཡིན།

    ​—— ཚོགས་ཞུགས་བློ་མཐུན་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06

    ཟླ་10ཚེས་26ནས་29ཉིན་བར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་པེ་ཅིང་དུ་འཚོགས་ནས《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུ་རྒྱུ)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཚོགས་འདུའི་རིང་ཚོགས་ཞུགས་བློ་མཐུན་ཁག་གཅིག་གིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱས་ཤིང་། ཚང་མས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་འགག་རྩའི་མཚམས་ཚིགས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འགག་རྩའི་དུས་སྐབས་སུ་ཚང་འཛོམས་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུའི་ཐད《ཆོད་དོན》བཏོན་པ་དེ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གི་ཡུན་རིང་སྲིད་སྐྱོང་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་རུས་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་བྱེད་པ་བཅས་ལ་དམིགས་ཏེ། མིག་རྒྱང་རིང་པོས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ཅིག་ཡིན་པ་དེ་ཐོག་ནས། ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་གང་ལེགས་མངོན་པ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་མགྲིན་གཅིག་ཏུ་བརྗོད་པ་རེད།

    “དུས་རབས་གསར་པའི་རྒྱལ་སྐྱོང་སྲིད་འཛིན་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་རྒྱས་དང་སྟོབས་ཆེར་གཏོང་བ་བཅས་ཀྱི་སྤྱིར་བཏང་མིན་པའི་ལོ་རྒྱུས་ཀྱི་ལམ་བུ་ཟིལ་རླབས་དགུང་འཕྱུར་དང་བརྗིད་ཉམས་ཆེ་བ་ཞིག་ཡོད་པ་དང་། གྲུབ་འབྲས་རླབས་པོ་ཆེ་ནི་ལས་སླ་པོར་ཐོབ་པ་ཞིག་མིན་པར་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་སྣང་བྱ་ཡུལ་དུ་གྱུར་པ་དེ་ཐོག་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་འོད་ཟེར་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་གང་ལེགས་མངོན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཁས་མཛངས་རླབས་ཆེན་དང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་མངོན་པ། ‘གཏན་འཁེལ་གཉིས’ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་མངོན་ཡོད”ཅེས་ཀྲུང་དབྱང་ཨུ་ཡོན་དང་ཧེ་ལུང་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཆིན་གྱིས་བརྗོད།

    “དུས་རབས་གསར་པ་ཤར་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གཏན་འཁེལ་དང་རླུང་གཤགས་ཆུ་སྒྲོལ་གནང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྔར་ན་མེད་པའི་སྐུལ་འདེད་ཤུགས་ཆེན་བཏང་བས་ལོ་མང་རིང་སེལ་མ་ཐུབ་པའི་ཚུལ་མིན་སྤྱོད་ངན་དང་བཅོས་དཀའི་གཅོང་ནད་བསལ་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་མ་བྱས་ན་ད་ལྟའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་ཡོད་མི་སྲིད་ཅེས་བཤད་ཆོག”ཅེས་ཀྲུང་དབྱང་ཨུ་ཡོན་དང་ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་གིས་བརྗོད་པ་དང་། ཁོང་གིས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་ནས་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་མུ་མཐུད་བཏོད་པ་དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གི་སྐྱོང་ལུགས་དང་ཀྲུང་གོའི་སྐྱོང་ལུགས་ཀྱི་རྣམ་པ་གསར་པ་མངོན་ཡོད་ཅེས་བརྗོད།

    “དུས་རབས་གསར་པ་ཤར་ཚུན། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱིས་ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ་དང་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོར་བརྟེན་ནས། གྲི་དངོ་རང་གཏད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་བསྐྱངས་བ་དང་ཕྱོགས་ཡོངས་ནས་དམག་དཔུང་ནན་པོས་བསྐྱངས་པས། མི་དམངས་དམག་དཔུང་བཅོས་སྒྲིག་སྦྱོང་བརྡར་གྱི་ཞུན་བརྡར་ཁྲོད་བསྲེགས་བཅད་འོད་འཚེར་ཐུབ་ནས་དམག་དཔུང་སྟོབས་ཆེར་དང་དར་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་རང་འགུལ་དབང་ཆ་ཐོབ་ཡོད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ནང་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་དང་རང་ངོས་གསར་བརྗེ་མཐར་ཕྱིན་པ་བྱེད་པའི་ཆོད་སེམས་དང་བློ་སྟོབས་བརྟན་པོ་མངོན་ནས། ཏང་སེམས་དང་། དམག་སེམས། དམངས་སེམས་བཅས་གཅིག་ཏུ་བསྒྲིལ་ཡོད”ཅེས་ཟུར་ཞུགས་འཐུས་མི་དང་མཁའ་དམག་གི་སི་ལིང་ཡོན་ཝང་ཀང་གིས་བརྗོད།

    “ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཆོད་དོན》ཧྲིལ་པོར་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པའི‘རྩ་འཛིན’དང‘བླ་སྲོག’ཁྱབ་པ་དེ་ནི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་རེད”ཅེས་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའི་པུའུ་ཀྲང་ཝུའུ་ཧན་ཧྲེང་གིས་བརྗོད་པ་དང་། ཁོང་གིས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་དེས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་ལེན་ནུས་པ་དེ་བས་ལེགས་པའི་ངང་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གལ་ཆེ་ལ་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད་ཅེས་བརྗོད།

    “རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བ་དང‘ལོ་ལྔ་ཚན་བཅོ་ལྔ་པའི’འགོ་ཚུགས་ལོའི་མཚམས་ཚིགས་གལ་ཆེན་དུ། ཚང་འཛོམས་གྲོས་ཚོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་པ་དེ་གལ་འགངས་ཧ་ཅང་ཆེ་ལ་དགོས་གལ་ཆེ་བ་ཞིག་རེད”ཅེས་ཟུར་ཞུགས་འཐུས་མི་དང་ཅང་སུའུ་ལན་ཡུན་ཀང་གྲོང་ཁྱེར་ཀན་ཡུས་ཆུས་ཀྲེ་དབང་གྲོང་རྡལ་ཤིས་ཅི་ཏང་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲུང་པའེ་ཅུན་གྱིས་བརྗོད་པ་དང་། ཁོང་གིས་“ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞིར་ཞིབ་བཤེར་བྱེད་དགོས་ལ་གཞི་རིམ་གྱི་དབང་ཆ་ཕྲན་ཚེགས་ཀྱང་དོ་དམ་ཡག་པོ་བྱེད་དགོས། ད་ཆ་གྲོང་ཚོའི་ནང་ཐོན་ལས་རྣམ་གྲངས་གཉེར་བ་དང་མཉམ་སྡེབ་ཀྱི་མ་དངུལ་དང་། རྒྱུ་ནོར། ཐོན་ཁུངས་བཅས་ལ་དོ་དམ་བྱེད་པའི་ཉེན་ཁ་ཡང་དེ་དང་ཆབས་ཅིག་ཐོན་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་ཀྱི་ཡོད་ཅེས་བརྗོད།

    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཏང་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། ཚོགས་ཞུགས་བློ་མཐུན་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད།

    “《ཆོད་དོན》ནང‘གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་དགོས’ཞེས་ནན་བཤད་བྱས་ཤིང་། བཀོད་སྒྲིག་དེས་དུས་རབས་ཀྱི་རང་བཞིན་དང་དངོས་ཡོད་ཀྱི་དམིགས་སའི་རང་བཞིན་གསལ་པོ་མཚོན་ཡོད”ཅེས་ཝུའུ་ཧན་ཧྲེང་གིས་བརྗོད་པ་དང་། ཁོང་གིས་ཀྲུང་དབྱང་སྤྱི་ཚོགས་ལས་དོན་པུའུ་ཡིས་དཔལ་འབྱོར་གྱི་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་ཀྱི་རྩ་འཛུགས་གསར་པ། ལས་ཞུགས་ཀྱི་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་དང་གཞི་རིམ་སྲིད་དབང་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། མང་ཚོགས་གོང་བུ་གཅིག་སྒྲིལ་དང་ཞབས་འདེགས་ཞུ་བའི་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་སྤྱི་ཚོགས་ལས་དོན་ལ་བརྟེན་ནས་ཏང་དང་རྒྱལ་ཁབ་སྟོབས་ཆེན་གྱི་ལེའུ་གསར་པ་རྩོམ་རྒྱུར་རམ་འདེགས་བྱ་རྒྱུ་ཡིན་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།