དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ཕུན་སུམ་ཚོགས་པའི་ཐོན་ཁུངས། ཐོན་ལས་དར་བའི་ལྷོ་ཁ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06


    འདི་ནི་ལྷུན་རྩེ་རྫོང་ལྷུན་རྩེ་གྲོང་རྡལ་གྱི་སྟོན་བསྡུའི་རྣམ་པ་ཡིན་པ།

    འདི་ནི་མཚོ་སྨད་རྫོང་གིས་གཉེར་བའི་2026ལོའི་རྒྱུད་བཟང་བ་མོའི་འགྲན་བསྡུར་བྱེད་སྒོ་སྤེལ་ཡུལ་ཡིན་པ།

    འདི་ནི་ལས་དོན་པས་མཚོ་སྣ་གྲོང་ཁྱེར་ཀོང་རི་མོན་པ་ཤང་གི་མའེ་ཇ་འདེབས་ཡུལ་དུ་རྩྭ་ངན་འཐུ་བཞིན་པ།

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱི་འབྲུ་རིགས་མུའུ་ཁྲི་39.68ཙམ་བརྔ་བསྡུ་ཟིན་ཡོད།

    རོང་སའི་ཞིང་ཁ་ནས་རི་མཐོའི་རྩྭ་ར་བར་དང་། ཇ་ཤིང་ལྡུམ་ར་དང་ཤིང་འབྲས་ལྡུམ་ར་ནས་ལས་སྣོན་འཁོར་ཁང་བར་ཞིང་ལས་དང་། འབྲོག་ལས། ཞོར་ལས་བཅས་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐོན་ལས་ཀྱི་རྣམ་པ་ཞིག་གནའ་བོའི་ས་གཞི་དེར་རིམ་གྱིས་མངོན་བཞིན་ཡོད།

    ཞིང་ནང་འབྲས་བུའི་ཁུར་གྱིས་ལྗིད།

    ལྷུན་རྩེ་རྫོང་མང་མཚོ་གྲོང་ཚོའི་ནས་ཞིང་གི་ལོ་ཏོག་ཡོངས་སུ་སྨིན་པས་བརྔ་བསྡུ་འཕྲུལ་འཁོར་ཆེ་གྲས་ཀྱིས་བརྔ་བསྡུ་དང་། འབྲུ་འདོན། རྩྭ་ངན་འཐུ་བ་སོགས་བྱེད་པ་དང་འདྲུད་འཐེན་འཕྲུལ་འཁོར་གྱིས་དེའི་རྒྱབ་ཏུ་འབྲུ་རིགས་བསྡུས་ནས་དབོར་བཞིན་ཡོད།

    ལྷུན་རྩེ་རྫོང་གི་ནས་ནག་གི་འདེབས་ཁྱོན་མུའུ་ཁྲི་3.1ཟིན་པ་དང་མུའུ་རེའི་ཐོན་ཚད་རྒྱ་མ་650ཟིན་ནས་ལོར་ཐོན་འབབ་ཏུན་ཁྲི་1.67ཟིན་ཡོད། “འཛམ་གླིང་གི་ནས་ནག་འདེབས་འཛུགས་རྟེན་གཞི་ཆེ་ཤོས”ཡིན་པའི་ས་གནས་དེ་གས་མ་བཅོས་རྒྱུ་ཆ་ཁོ་ནར་བརྟེན་མ་བསྡད་པར་ནས་ནག་རྩམ་པ་དང་། ནས་ཆག འབྲས་བརྔོས་སོགས་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་བཏོན་པ་དང་མཉམ་ལས་ཁང་3གྱིས་ལོ་ལྟར་ནས་ནག་ཏུན་600ཡན་ལས་སྣོན་བྱེད་ཀྱི་ཡོད་པས་2025ལོར་རྫོང་ཡོངས་ཀྱི་ནས་ནག་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་4600ལྷག་ཙམ་ཟིན་ཡོད།

    སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་ཁེ་སྨད་སྡེ་ཁུལ་དུ་ས་ཞིང་གཤིན་པོ་མུའུ་2268ས་བོན་རིམ་པ་དང་པོའི་ས་ཞིང་ཡིན་ཞིང་། དེ་གར“བོད་ནས་ཨང་3000”དང“ལྷོ་ཁའི་དགུན་གྲོ་ཨང་7”སོགས་སོན་བཟང་འདེབས་ཀྱི་ཡོད། 2025ལོའི་ལོ་འཁོར་དུ་ལྗོངས་ཡོངས་ཙམ་མ་ཟད་མཚོ་སྔོན་ལ་སོན་བཟང་རྒྱ་མ་ཁྲི་52.8བཙོངས་ནས་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཁེ་སྤོགས་སྒོར་ཁྲི་185བགོས་ཡོད།

    སོན་བཟང་འདེབས་འཛུགས་དང་ལས་སྣོན་ཞིབ་ཚགས་བྱས་པས་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་ལས་འཁོར་འབྲེལ་རིང་དུ་ཕྱིན་ཡོད། ཚན་རྩལ་ལ་བརྟེན་ནས་མཐུན་རྐྱེན་སྦྱར་བ་དང་འཕྲུལ་ཆས་ཅན་ཁྱབ་གདལ་བཏང་བ་དེས་རྨོ་འདེབས་ཀྱི་ལས་ཕྱོད་དང་སྤུས་ཚད་གཉིས་ཀར་དོན་དམ་པའི་མཐོར་འདེགས་བྱུང་ཡོད།

    ནོར་ལུག་ཤ་ཤེད་རབ་ཏུ་རྒྱས།

    མཚོ་སྨད་རྫོང་སྒོ་བསྡུས་ཤང་བཀྲ་ཤིས་གསུམ་མདོ་གྲོང་ཚོར“ལུག་སྟོང་གི་གསོ་ཚགས་རྟེན་གཞི”དང“འབྲི་གཡག་བརྒྱ་ཡི་གསོ་ཚགས་རྟེན་གཞི”བཙུགས་ནས“འབྲོག་ལས་ཚབ་གཉེར”ཁྱབ་གདལ་བཏང་བ་དང་མང་ཚོགས་ཕྱུགས་རིགས་རྟེན་གཞིའི་མ་རྐང་ལ་བཅུག་ཡོད།

    སྣ་དཀར་རྩེ་རྫོང་གིས་གསོ་མཁས་ལུག་གི་རྒྱུད་པ་ལེགས་སུ་ཧུར་ཐག་བཏང་བས། 2025ལོར་ཞིང་འབྲོག་ལས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་2.4ལྷག་ཙམ་ཟིན་པ་དང་གསོ་མཁས་ལུག་ཁོ་ནའི་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན་ཡོད། ལོ་འགོར་སྣ་དཀར་རྩེ་རྫོང་གིས་གསོ་མཁས་ལུག་བཤས་གཏོང་བ་དང་དེ་བཞིན་ཤ་ལས་སྣོན་ཞིབ་ཚགས་བྱེད་པའི་རྣམ་གྲངས་ལ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་སྒོར་ཁྲི་6000བཏང་བ་དང་། ལོར་བཤས་ལུག་ཁྲི་10ལས་སྣོན་ཞིབ་ཚགས་བྱས་པར་སྔོན་དཔག་བྱས་ན་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཟིན་གྱི་ཡོད་པ་རེད།

    ཟངས་རི་རྫོང་གི་ཁུ་ལྡན་རར་ད་ལོ་མིང་གསར་པ་བཏགས་ཡོད། 2026ལོའི་ཟླ་6པར། ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་གྲགས་ཁྱད་ལེགས་གསར་གྱི་ཞིང་ལས་ཐོན་རྫས་གསར་པའི་མིང་གཞུང་ཁྱབ་བསྒྲགས་བྱས་པ་དང་ཟངས་རི་རྫོང་གི་ཁུ་ལྡན་ར་དེའི་ནང་བདམས་ཡོད། གཅིག་སྡུད་རྒྱགས་གསོ་དང་། ལས་སྣོན་ཞིབ་ཚགས། རྒྱུད་པ་ལེགས་གཏོང་། ཐོན་ལས་འཁོར་འབྲེལ་སྣུར་སྲིང་བཅས་བྱས་ནས་ལྷོ་ཁ་གྲོང་ཁྱེར་གྱི་འབྲོག་ལས“མ་བཅོས་རྒྱུ་ཆ་འཚོང་བའི”ཟུར་སྣོན་རིན་ཐང་དམའ་བའི་དཀའ་གནད་ལས་སྒྲོལ་བཞིན་ཡོད་པ་རེད།

    ཇ་ལོའི་དྲི་ཞིམ་རི་གྲོང་ཀུན་ལ་ཁྱབ།

    མཚོ་སྣ་གྲོང་ཁྱེར་ལེགས་པོ་རོང་གི་གནམ་གཤིས་དྲོ་ཞིང་ཆར་ཆུ་འབེལ། སླད་མོན་པ་མི་རིགས་ཤང་གིས་རི་མཐོའི་ཇ་ལོའི་ཐོན་ལས་འཕེལ་རྒྱས་བཏང་ནས་འདེབས་འཛུགས་གཞི་ཁྱོན་མུའུ་བརྒྱ་གྲངས་ཟིན་པ་དང་ཇ་ནག་དང་། ཇ་དམར། ཇ་ལྗང་བཅས་ཐོན་སྐྱེད་བྱེད་ཀྱི་ཡོད། 2022ལོར་ཨན་ཧུའེ་བོད་སྐྱོར་ལས་དོན་རུ་ཁག་གིས་ལེགས་པོ་རོང་དུ་མའེ་ཇ་འཐེན་ནས་མུའུ་30ལྷག་ཙམ་ལ་ཚོད་འདེབས་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལེགས་པོ་རོང་གི་མུའུ་རེ་ནས་ཇ་ལོ་སྐམ་པོ་ཐོན་ཚད་སྤྱི་རྒྱ་50ཡན་ཟིན་པ་དང“གངས་ལྗོངས་ཀྱི་མའེ་ཇ”མཚོ་སྣ་གྲོང་ཁྱེར་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་སུ་གྱུར་ནས་ཞིང་འབྲོག་པའི་ཁྱིམ་ཚང་100ལྷག་ཙམ་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་ཐུབ་ཡོད།

    ཟངས་རི་རྫོང་ཕག་གྲུ་ཨ་རག་གཞིས་ཀ་ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པ་དང་། ལོ་15འཕེལ་རྒྱས་བཏང་བ་བརྒྱུད་དེ་གར་མུའུ་ཁྲི་ཟིན་པའི་རྒུན་འབྲུམ་ར་བ་བསྐྲུན་པས་ཅི་ཉི་སིའི“འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་རྒུན་འབྲུམ་འདེབས་འཛུགས་གླིང”གི་ཁས་ལེན་དཔང་འདོན་ཐོབ་ནས་ལོར་རྒུན་འབྲུམ་ཨ་རག་ཁྲི་50ཐོན་སྐྱེད་བྱས་པ་དང་ཕྱོགས་བསྡུས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་ལས་བརྒལ་ནས་ཐོན་རྫས་ཤང་ཀང་དང་དེ་བཞིན་ལྗོངས་ཕྱིའི་གྲོང་ཁྱེར་མང་པོའི་ཁྲོམ་རར་བཏོན་ཡོད།

    “འཛམ་གླིང་གི་གཞི་ཁྱོན་ཆེ་ཤོས་ཀྱི་ལོ་ངོ་སྟོང་གི་སྟར་སྡོང་ནགས་ཚལ”གནས་ཡུལ་རྒྱ་ཚ་རྫོང་གི་སྟར་སྡོང་འདེབས་འཛུགས་རྒྱ་ཁྱོན་མིག་སྔར་མུའུ་ཁྲི་4.3ཟིན་པ་དང་སྟར་སྡོང་རྐང་ཁྲི་52བཏབ་པས་སྟར་སྡོང་ལས་སྣོན་ཞིབ་ཚགས་ཐོན་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་ཐུབ་ཡོད།

    སོན་བཟང་འདེབས་འཛུགས་དང་། ལས་སྣོན་ཞིབ་ཚགས། གཅིག་སྡུད་གཉེར་སྐྱོང་། སྣ་མང་ལས་རྣམ་བཅས་ལྡན་པའི་ལྷོ་ཁ་གྲོང་ཁྱེར་འདི་ཉིད་ཁྱད་ཆོས་མངོན་གསལ་དོད་པ་དང་། འཁོར་འབྲེལ་ཆ་ཚང་བ། མང་ཚོགས་ལ་ཕན་པ་ཐོབ་པ་བཅས་ཀྱི་དེང་རབས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།