རྩྭ་མདའ་རྫོང་གིས་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་ནས་ཤེས་རྟོགས་བྱུང་བར། རྫོང་དེའི་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་ཀྱི་སྤྱིའི་ཨར་སྐྲུན་མྱུར་ཚད་50%ཟིན་པ་དང་། ལོ་མཇུག་གོང་ལས་གྲྭའི་75%ལེགས་གྲུབ་ཐུབ་པ་བྱས་ནས་2027ལོའི་ཟླ་10པའི་སྔོན་ཚུད་ནས་དྲོད་རླངས་མཁོ་འདོན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
རྩྭ་མདའ་རྫོང་གི་རྫོང་གྲོང་གི་གཅིག་སྡུད་དྲོད་རླངས་མཁོ་འདོན་རྣམ་གྲངས་དེ་2026ལོའི་ཟླ་5པར་ལས་འགོ་ཚུགས་པ་དང་རགས་རྩིས་བརྒྱབ་ན་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.7བཏང་ནས་དྲོད་རླངས་མཁོ་འདོན་གྱི་སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་32.5ལྷག་ཙམ་ཟིན་པ་བྱ་རྒྱུ་དང་། ཉི་ནུས་དང་གློག་གི་ཁྲོ་ཐབ་ཟུང་དུ་འབྲེལ་བའི་ཕྱོགས་བསྡུས་ནུས་རྒྱུའི་ས་ཚིགས་1དང་ཚ་བརྗེ་ས་ཚིགས་7གསར་སྐྲུན་བྱས་ནས། གློག་སྣེའི་ཁྲོ་ཐབ་མ་ལག་ཆ་ཚང་3སྒྲིག་སྦྱོར་བྱ་རྒྱུ་མ་ཟད། དྲོད་རླངས་མཁོ་འདོན་གྱི་མདོང་ལམ་འདིང་ཐེངས་རེ་གཉིས་དང་། མཇུག་སྣེའི་དྲོད་རླངས་མཁོ་འདོན་གྱི་སྒྲིག་བཀོད་རིམ་སྤོར། སྐྲུན་དངོས་ཀྱི་ནུས་རྒྱུ་གྲོན་ཆུང་སྒྱུར་བཀོད་སོགས་དུས་མཉམ་དུ་ལག་ལེན་བསྟར་ནས། རྣམ་གྲངས་ཧྲིལ་པོ་2028ལོའི་ཟླ་4པར་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་ནས་སྤྱོད་ཐུབ་པ་བྱ་རྒྱུ་རེད།
དགུན་དུས་དྲོད་ལེན་ཐད་ས་གནས་དེ་གའི་གྲོང་མི་ཀུན་བཟང་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“རྩྭ་མདའ་རྫོང་དུ་དགུན་དུས་གྲང་ངར་ཆེ་ལ་དུས་ཡུན་རིང་བས། ལོ་འཁོར་མོར་ཐབ་ལ་བརྟེན་ནས་དྲོད་ལེན་དགོས་པས་དུས་ཚོད་དང་ནུས་ཤུགས་གཉིས་ཀ་འཕྲོ་བརླག་ཏུ་འགྲོ་གི་ཡོད། གཅིག་སྡུད་དྲོད་རླངས་མཁོ་འདོན་གྱི་རྣམ་གྲངས་ལ་ང་ཚོས་རེ་སྒུག་ཡུན་རིང་བྱས་པ་ཡིན། རྣམས་གྲངས་འདི་སྔ་ཙམ་བསྐྲུན་ཐུབ་པའི་རེ་བ་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།