དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ།

    ​—— གཙོ་གནད་རྣམ་གྲངས་སྐྲུན་ཡུལ་ནས་བོད་ཀྱི་མ་འཇོག་ཇི་ལྟར་བྱས་ནས་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བར་ལྟ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-06

    སྟོན་མཇུག་གི་བོད་བྱང་ཐང་དུ་གྲང་ངར་ཤིན་ཏུ་ཆེ་ཡང་རྣམ་གྲངས་ཁག་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད།

    ཨ་མདོ་ཐུག་རོམ་གྱི་ཀྲའོ་ཝ་100ཡི་འོད་དྲོད་རྣམ་གྲངས་སྐྲུན་ཡུལ་དུ་རླངས་འགྱུར་རྫིང་གི་ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་དྲོད་ཁང་ནང་དྲོད་ཚད་མཐོར་གཏོང་དང་དྲོད་ཁྱབ་པའི་སྒྲིག་ཆས་བསྒར་ཡོད་ལ། ད་དུང་ཆེད་མིས་ཆུ་ཚོད་24ཡི་རིང་དྲོད་ཚད་ལྟ་བཞིན་ཡོད།

    ཁ་རུབ་ཆུས་ཡོར་པ་ཤང་གི་ཀྲའོ་ཝ་100ཡི་རླུང་གློག་རྣམ་གྲངས་སྐྲུན་ཡུལ་དུ་ཨར་འདམ་ལྕགས་རྩིབས་མ་སྐྱེལ་འདྲེན་བྱེད་རིང་ཁེབས་གཡོགས་ནས་དྲོད་སྲུང་དང་། མཐོ་འདེགས་སྒྲིག་ཆས་སྤྱོད་སྐབས་རླུང་འཚུབ་དང་གངས་བབས་པའི་གནམ་གཤིས་ལས་གཡོལ་ཐབས་བྱེད་བཞིན་ཡོད།

    ཆུ་ཤུགས་གློག་ཁང་ཞིག་གི་གཞུང་ལམ་དུམ་བུར་ལམ་གཞི་འཁྱགས་པ་མི་ཐེབས་པ་དང་། རྒྱོང་ཆའི་སྤུས་ཚད་ལ་ཚོད་འཛིན། དགུན་ཁར་ལམ་ཆུང་སྲུང་སྐྱོང་བཅས་ཀྱི་ལས་དོན་ཡང་མཉམ་དུ་སྤེལ་བཞིན་ཡོད།

    “རྣམ་གྲངས་རེར་ཐབས་ཇུས་རེ་སྔ་སྣུར་དུ་བཀོད་སྒྲིག་བྱེད་པ་ནི་ང་ཚོས་མཐོ་གྲང་དང་རླུང་འཚུབ་སོགས་ལ་དམིགས་ནས་བཟོས་པའི་དགུན་དུས་ཀྱི་ཨར་ལས་ཇུས་གཞི་ཞིག་རེད”ཅེས་བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པའི་ལས་གྲྭ་དོ་དམ་པུའི་ཀྲུའུ་རེན་གཞོན་པ་ཧོང་ཐའོ་ཡིས་བཤད།

    རྣམ་གྲངས་སྐྲུན་ཡུལ་གྱི་ལས་བྲེལ་ཆེ་བའི་རྣམ་པ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་ཤུགས་ཚད་ཆེན་པོ་མངོན་ཡོད།

    ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2318.55ཟིན་པ་དེ་དུས་མཚུངས་ལས་6.2%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་1.6གིས་མཐོ་བ་ཡོད། ཐོན་ལས་གཉིས་པའི་འཕར་ཐང་10.1%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་20.9%འཕར་ཞིང་། འཕར་ཚད་ཟླ་བ་དང་པོ་ནས་ཟླ་བ་བརྒྱད་པའི་བར་ལས་བརྒྱ་ཆའི་གྲངས་1.1གིས་མགྱོགས་པ་ཡོད།

    གྲུབ་ཆར་བལྟས་ཚེ།

    སྤྱི་འབོར་ལས་ཀྱང་གལ་འགངས་དེ་བས་ཆེ་བ་མངོན་པ།

    དུས་ཚིགས་དང་པོ་ནས་གསུམ་པའི་བར། བོད་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་2.9%ཆག་ཡོད། དེ་ནི་དཔལ་འབྱོར་འཁོར་རྒྱུག་ཁྲོད་ལྟ་སྟངས་ཡང་དག་འཛིན་དགོས་པའི་གནོན་ཤུགས་ཤིག་ཡིན་ལ། མ་འཇོག་བརྟན་པོ་ཡོང་བར་སྔར་བཞིན་འབད་བརྩོན་ཆེན་པོ་བྱེད་དགོས་ཚུལ་བསྟན་པ་ཞིག་ཀྱང་ཡིན།

    རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། “‘གྲངས་འབོར’ལ་བལྟས་ཚེ་འགྱུར་ལྡོག་གཞན་ཞིག་མཐོང་ཐུབ་པ་སྟེ། བཟོ་ལས་ཐད་མ་འཇོག་བྱེད་ཚད་25.9%འཕར་བ་དང་། སྤྱི་ཚོགས་ཁྱབ་ཁོངས་ལ་མ་འཇོག་བྱེད་ཚད་2.7%འཕར་བ། དམངས་ཁྲོད་ལ་མ་འཇོག་བྱེད་ཚད་12.3%འཕར་བ་བཅས་རེད། མ་འཇོག་སྤྱི་འབོར་གྱིས་གནོན་ཤུགས་ཐེག་པ་དང་ཐོན་ལས་མ་འཇོག་དང་དམངས་ཁྲོད་མ་འཇོག་བྱེད་མགྱོགས་སུ་འགྲོ་བཞིན་ཡོད་པ་ལས་རང་ལྗོངས་ཀྱི་མ་འཇོག་གྲུབ་ཆར་འགྱུར་ལྡོག་ཡག་པོ་འགྲོ་བཞིན་པ་གསལ་བཤད་བྱེད་ཐུབ”ཅེས་བཤད།

    རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དཔལ་འབྱོར་འཐབ་ཇུས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་དབྱང་ཅེ་ཡིས། མ་འཇོག་གི་ཕན་འབྲས་ལ་བརྡར་ཤ་གཅོད་སྐབས་སྒྲོམ་འདེགས་ག་ཚོད་ཡོད་མེད་དང་ས་དཔངས་ག་ཚོད་འདྲུས་མིན་ཁོ་ནར་ལྟ་མི་རུང་བར། ད་དུང་མ་དངུལ་གང་དུ་གཏོང་མིན་དང་རྣམ་གྲངས་བསྐྲུན་རྗེས་ཕན་འབྲས་གང་ཞིག་ཐོན་མིན་ལ་ལྟ་དགོས། གཞུང་ལམ་ཞིག་བསྐྲུན་པ་དེས་ཤར་བགྲོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཐུབ་པ་མ་ཟད། ཟོག་འགྲུལ་གྱི་མ་གནས་དམའ་རུ་གཏོང་བ་དང་ཐོན་ལས་ཀྱི་བར་མཐོངས་གཏོད་ཐུབ། ཆུ་མཛོད་ཅིག་བསྐྲུན་པ་དེས་ཞིང་ཆུ་འདྲེན་ནུས་ཆེ་རུ་གཏོང་ཐུབ་ལ་ཞིང་ལས་ཐོན་སྐྱེད་བྱེད་སྟངས་ལའང་འགྱུར་ལྡོག་གཏོང་ཐུབ། རྩིས་ནུས་ཀྱི་རྣམ་གྲངས་གཅིག་ལག་ལེན་བསྟར་བ་དེས་སྒྲིག་ཆས་དང་འཁོར་སྒྲོམ་མང་དུ་ཕྱིན་པ་ཙམ་མ་ཟད། གཞི་གྲངས་བཀོལ་སྤྱོད་དང་ཁེ་ལས་གཅིག་སྡུད་ཀྱང་དེ་བས་བྱེད་ཐུབ་ཅེས་བཤད།

    གཞན་ཞིག་ནས་བཤད་ན། བོད་དུ་མ་འཇོག་བྱེད་པར“དངོས་འབོར”དགོས་ལ། “གསར་པ་འདུས་ཚད”དང“སྔོ་ལྗང་འདུས་ཚད”དགོས་པ་མ་ཟད། མཐར་གཏུགས་ན་ཐོན་ལས་ནང་ཞུགས་དགོས།

    ནུས་ཁུངས་གློག་ཤུགས་ཀྱི་གྲངས་གཞིས་འཕོ་འགྱུར་ལ་ལྟ་ཞིབ་བྱེད་པའི་སྐར་ཁུང་བཏོད་ཅིང་། དུས་ཚིགས་དང་པོ་ནས་གསུམ་པའི་བར་བོད་ཀྱི་གློག་ཤུགས་དང་ཚ་ཤུགས་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་23.7%འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བརྒྱ་ཆའི་གྲངས་3.1འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

    དེ་དང་ཆབས་ཅིག་གཞི་ཁྱོན་ཡན་གྱི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་153.70ཟིན་ནས་29.1%འཕར་བའི་ནང་། ཆུ་ཤུགས་གློག་གཏོང་ཚད་31.1%འཕར་བ་དང་ཉི་ནུས་གློག་གཏོང་ཚད་20.6%འཕར་ནས། རྣམ་གྲངས་གཉིས་ཀྱི་བསྡོམས་འབོར་གྱིས་གཞི་ཁྱོན་ཡན་གྱི་གློག་གཏོང་ཚད་ཀྱི་94.6%ཟིན་ཡོད།

    གློག་ཁང་ཇི་ཙམ་མང་དུ་སོང་ན་གློག་སྤྱོད་མཁན་དེ་ཙམ་གྱིས་མང་དུ་འགྲོ་བཞིན་ཡོད། དུས་ཚིགས་དང་པོ་ནས་གསུམ་པའི་བར་སྤྱི་ཚོགས་ཡོངས་ཀྱིས་གློག་སྤྱོད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་144.05ཟིན་པ་དེ་དུས་མཚུངས་ལས་15.7%འཕར་ཡོད། དེས་ནུས་རྒྱུ་གཙང་མའི་ཐོན་ལས་སྟོབས་ཆེར་ཕྱིན་པ་མཚོན་ཡོད་ལ། ཐོན་སྐྱེད་དང་འཚོ་བའི་ཐད་ནུས་རྒྱུ་སྤྱོད་པའི་དགོས་མཁོ་ཆེ་རུ་ཕྱིན་པའང་མཚོན་ཡོད།

    གློག་ཁུངས་དང་གློག་དྲ་སོགས་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་ནས་བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དེ་གློག་ཤུགས་མཁོ་སྤྲོད་ནུས་པར་སྒྱུར་བཞིན་ཡོད།

    ཕན་འབྲས་ནས་བལྟས་ཚེ།

    རྣམ་གྲངས་ཀྱི་སྤྱི་ཡོངས་མཐོང་ཐུབ།

    མ་འཇོག་གི་རིན་ཐང་ནི་རྟག་ཏུ་ལས་གྲྭའི་ཕྱིར་གནས་ཡོད། ཤངས་ཆུ་དང་ལ་ལྷོ་ཆུ་བེད་ལྟེ་གནས་སྤྱོད་འགོ་ཚུགས་རྗེས་ཆུ་ཡུར་བརྒྱུད་ཞིང་ཆུ་འདྲེན་ཐུབ་ཡོད་ལ། ཐོན་ལས་འཕེལ་རྒྱས་ཀྱི་ལྷུ་ཚིགས་ཀྱང་དེ་བས་མང་དུ་ཕྱིན་ཡོད། ལ་ལྷོའི་ལས་གྲྭ་2021ལོར་ཚོད་ལྟའི་གཉེར་སྐྱོང་བྱས་ཚུན། 2026ལོའི་ཟླ་9པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་ཞིང་ཆུ་འདྲེན་ཁུལ་ཆེ་གྲས་བཞི་དང་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་བསམ་བཀོད་གླིང་དུ་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་7ཙམ་འདྲེན་པ་དང་ལོ་ལྟར་རྨོ་ཞིང་མུའུ་ཁྲི་21.09ཙམ་ལ་ཞིང་ཆུ་འདྲེན་ཐུབ་ཀྱི་ཡོད། ཞིང་ཆུ་འདྲེན་ཁུལ་དུ་ནགས་བཟོ་བྱས་ཏེ་གསོན་ཚད་ཞིང་ཆུ་མ་འདྲེན་གོང་གི་65%ནས་85%ཡན་བར་མཐོ་རུ་ཕྱིན་པ་དང་འབྲེལ། ཞིང་ལས་ཐོན་རྫས་ལས་སྣོན་དང་སྐྱེད་ཚལ་སྔོ་འགྱུར་སོགས་ཁེ་ལས་དེའི་ནང་ཞུགས་རྒྱུའི་ཡིད་དབང་ཡང་བཀུག་ཡོད།

    ཧོང་ཐའོ་ཡིས། ཞིང་ཆུ་འདྲེན་པ་དེས་ནས་དང་། ལི་གྲོ གཟན་རྩྭ་སོགས་ཀྱི་ཐོན་ལས་ལ་འདེགས་སྐྱོར་ཐུབ་ལ། ཞིང་འཕྲུལ་མཉམ་ལས་ཁང་གིས་ཚབ་རྨོ་ཚབ་འདེབས་དང་། མཉམ་རྨོ་མཉམ་འདེབས། ས་ཞིང་བརྒྱུད་བཤུག་བཅས་ལ་བརྟེན་ནས་ས་ཞིང་ལེགས་བསྡུས་བེད་སྤྱོད་བྱ་རྒྱུར་ཡང་སྐུལ་འདེད་ཐུབ་ཡོད། ཆུ་བེད་ལས་གྲྭ་དེ་ཞིང་ཆུ་འདྲེན་པར་འགན་ལེན་བྱེད་པ་ནས་ཐོན་སྐྱེད་བརྟན་པོ་དང་། ཐོན་ལས་ལ་སྐུལ་འདེད། སྐྱེ་ཁམས་ལེགས་གཏོང་བཅས་བར་སྣུར་སྲིང་བྱས་པས། མ་འཇོག་གི་ཕྱོགས་བསྡུས་ཕན་འབྲས་ཀྱང་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས།

    འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱང་དེ་ལྟར་ཡིན། མངའ་རིས་སྤུ་ཧྲེང་གནམ་ཐང་དུ་གནམ་གྲུ་ཤར་གཏོང་ཐུབ་རྗེས་དེ་གའི་གྲོང་མི་ཕྱིར་སྐྱོད་པ་དང་། གཉེན་འཕྲད་ལ་འགྲོ་བ། སྨན་བཅོས་ལ་སྐྱོད་པ། སློབ་སྦྱོང་ལ་སྐྱོད་པ་བཅས་སྔར་བས་སྟབས་བདེ་རུ་ཕྱིན་པ་མ་ཟད། ཡུལ་སྐོར་འཛད་སྤྱོད་བྱེད་མང་དུ་འགྲོ་བའི་ཆ་རྐྱེན་ཡང་བསྐྲུན་ཡོད། ཟླ་10ཚེས་29ཉིན་བར། མངའ་རིས་སྤུ་ཧྲེང་གནམ་ཐང་གིས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་27200ལྷག་ཙམ་ཟིན་པ་དང་། དུས་གཏན་གནམ་གྲུ་ཐེངས་468འཕུར་འབབ་ཐུབ་ནས་སྤུ་ཧྲེང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་136ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་18.3བྱུང་ཡོད།

    དེ་ལྟར་བལྟས་ཚེ། གཙོ་གནད་རྣམ་གྲངས་ལེགས་གྲུབ་བྱུང་བ་ཙམ་གྱིས་མི་འགྲིག་པར་ད་དུང་སྔོན་ཚུད་ནས“བེད་སྤྱོད་ཇི་ལྟར་བྱེད་པ་དང་། སུས་སྤྱོད་པ། ཕན་འབྲས་ཐོན་ཐབས་ཇི་ལྟར་བྱེད་པ”བཅས་ཀྱི་ཇུས་འགོད་བྱེད་དགོས། གཉེར་སྐྱོང་གི་ཇུས་གཞི་དང་། ཐོན་ལས་ཀྱི་ལེ་ལག་ཚང་སྒྲིག ཁྲོམ་རའི་དགོས་མཁོ་བཅས་དུས་གཅིག་ཏུ་རྣམ་གྲངས་ཀྱི་དུས་འཁོར་ཧྲིལ་པོའི་དོ་དམ་ནང་བཅུག་ཚེ། གཞི་ནས་འཛུགས་སྐྲུན་ལ་མཐོང་ཆེན་དང་གཉེར་སྐྱོང་ལ་སྣང་ཆུང་བྱེད་པའི་སྣང་ཚུལ་མི་ཐོན་པར་རྒྱུ་ནོར་བེད་སྤྱོད་གནད་སྨིན་བྱེད་ཐུབ།

    མཉེན་གཤིས་ནས་བལྟས་ཚེ།

    “མཐོང་མི་ཐུབ་པའི་མ་དངུལ”ལས་ཕན་པ་ཏན་ཏིག་བྱུང་བ།

    དཔལ་འབྱོར་འཕེལ་རྒྱས་གཏོང་བའི“རྨང་གཞི་བརྟན་པོ”དེས་ཐོན་ལས་འཕེལ་རྒྱས་ཀྱི་མྱུར་ཚད་ལ་འདེགས་སྐྱོར་ཐུབ་པ་དགོས་ལ། ཐོལ་བྱུང་གནོད་འཚེའི་རྡབ་རྡེག་ཀྱང་ཐེག་ཐུབ་པ་དགོས།

    ཟླ་10ཚེས་22ཉིན་གྱི་དགོང་མོར། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་ཅིང་། ཡོམ་ཁུལ་གྱི་ཆ་སྙོམས་ས་བབ་ལ་སྨི་4800ཙམ་ཟིན་པ་དང་། ས་བབ་མཐོ་ཞིང་གྲང་ངར་ཆེ་བའི་ཐོག་གསོ་རླུང་དཀོན་པ་མ་ཟད། གཞུང་ལམ་དང་། གློག་ཤུགས། འཕྲིན་གཏོང་སྒྲིག་ཆས་བཅས་ཁག་གཅིག་ལའང་གཏོར་སྐྱོན་ཕོག་ཡོད། རོགས་སྐྱོབ་མགྱོགས་མྱུར་བྱེད་ཐུབ་མིན་དང་། གཞུང་ལམ་དང་རྨང་གཞིའི་སྒྲིག་བཀོད་དུས་ཐོག་ཏུ་མྱུར་བཟོ་ཐུབ་མིན་དེ་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་ཐད་ཀར་འབྲེལ་བ་ཡོད།

    འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་རྒྱལ་ལམ་317དང་རྒྱལ་ལམ་349སོགས་ཀྱི་ལམ་ཐིག་ལ་ཉིན་མཚན་བསྟུད་མར་གྲལ་བཤེར་བྱས་ཤིང་། རིམ་རྩིས་བརྒྱབ་ན་གཞུང་ལམ་སྤྱི་ལེ་1710ལྷག་ཙམ་དང་། ཟམ་པ་201 ཟམ་སྦུག་324བཅས་ལ་གྲལ་བཤེར་བྱས་ཡོད། རྒྱལ་ལམ་317རྒྱུད་ཀྱི་སོག་རྫོང་ནས་འབྲི་རུ་རྫོང་རྩ་ལ་ཤང་ཕྱོགས་ཀྱི་ལམ་དུམ་ཁག་གཅིག་ལ་རི་ཉིལ་བའི་རྐྱེན་གྱིས་འགྲིམ་འགྲུལ་བཀག་སྡོམ་བྱས་པ་དང་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་ཉིན་མཚན་བསྟུད་མར་གཙང་སེལ་བྱས་ཏེ་ཚེས་23ཉིན་གྱི་ཆུ་ཚོད་གསུམ་པར་གཞུང་ལམ་མྱུར་བཟོ་ཐུབ་ཡོད།

    དེ་དང་ཆབས་ཅིག་དྲག་ཆས་ཉེན་རྟོག་དང་། སྤྱི་བདེ། མེ་ཟོན། གློག་ཤུགས། འཕྲིན་གཏོང་སོགས་ཀྱི་ལས་དོན་པ་མགྱོགས་མྱུར་ཞུགས་ནས་འཚོལ་སྐྱོབ་དང་། སྐྱོབ་བཅོས། བཀོད་སྒྲིག མཁོ་སྤྲོད་འགན་ལེན། ཉེན་སེལ་བཅས་ཀྱི་ལས་དོན་ལ་མཉམ་དུ་སྐུལ་འདེད་བཏང་ཞིང་། ཚེས་23ཉིན་བར་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་རོགས་སྐྱོབ་སྟོབས་ཤུགས་སྣ་ཚོགས་5000ལྷག་ཙམ་བཏང་བ་དང་གནོད་འཚེ་ཚབས་ཆེན་ཕོག་ཁུལ་ལ་བཀོད་སྒྲིག་བྱ་ཡུལ་18བསྐྲུན་ཏེ། མང་ཚོགས་12489གནས་སྤོ་བྱས་པའི་ཁར་སྒྲིག་ཁང་དང་། གུར། ཕོ་ཁེབས། ལྕགས་ཐབ་སོགས་དངོས་ཟོག་ཀྱང་གཅིག་རྗེས་གཉིས་མཐུད་ངང་འབྱོར་བར་བྱས་ཡོད།

    ལམ་ཞིག་མཚན་མོ་དེ་རང་ལ་མྱུར་བཟོ་ཐུབ་ཚེ་རོགས་སྐྱོབ་སྟོབས་ཤུགས་མགྱོགས་མྱུར་འབྱོར་ཐུབ་པ་དང་། གློག་ཤུགས་དང་འཕྲིན་གཏོང་དུས་ཐོག་ཏུ་སླར་གསོ་ཐུབ་ཚེ་བཀོད་གཏོང་དང་མང་ཚོགས་བཀོད་སྒྲིག་བྱ་རྒྱུར་དེ་བས་འགན་ལེན་བྱེད་ཐུབ། གནོད་འཚེའི་མདུན་གྱི་འཕྲལ་སྡོམ་ལས་ཕྱོད་དེ་ཕྱོགས་ཁག་གིས་འཕྲལ་མར་བརྡ་ལན་ཞུས་པ་ལས་བྱུང་བ་ཞིག་ཡིན་ལ། དུས་ཡུན་རིང་པོར་བསྐྲུན་ནས་གྲུབ་པའི་གཞུང་ལམ་དྲ་བ་དང་། གློག་དྲ། འཕྲིན་གཏོང་དྲ་བ། དངོས་ཟོག་འགན་ལེན་མ་ལག་བཅས་དང་ཡང་ཁ་འབྲལ་ཐབས་མེད།

    འགན་སྲུང་དུས་ཐོག་ཏུ་ཐུབ་པའི་ཁར་རྒྱུན་གཏན་ནས་སྲུང་སྐྱོབ་དེ་བས་ཡག་པོ་བྱས་ཡོད། མ་དངུལ་མི་ཐོག་ཏུ་བཏང་བ་ལས་ཡུན་རིང་གི་ནུས་ཕྱོད་ཐོན་ཡོད། ད་ལོ་རང་ལྗོངས་ཀྱིས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དང་རང་སྐྱོང་ལྗོངས་ཀྱི་རིམ་པ་འདི་གའི་ནོར་ཤུགས་ནས་མ་དངུལ་སྒོར་དུང་ཕྱུར་136བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་དངོས་34ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ་མ་ཟད། མ་དངུལ་སྒོར་དུང་ཕྱུར་5.5བཀོད་སྒྲིག་བྱས་ནས་གྲོང་ཁྱེར་དང་རྫོང་གི་དྲོད་གཏོང་ཁ་གསབ་ཐད་སྤྱད་པ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་5940བར་མཐོ་རུ་བཏང་བ། ཞིང་འབྲོག་ཁུལ་གྱི་སློབ་ཡོན་མི་དགོས་པའི་སློབ་ཞུགས་གོང་གི་སློབ་གསོའི་སློབ་མ་རེའི་ཆ་སྙོམས་ཚད་གཞི་སྒོར་380ནས་སྒོར་1000བར་མཐོ་རུ་བཏང་བ་སོགས་བྱས་ཡོད།

    ཆུ་ཡུར་གཅིག་གིས་ཞིང་ཁའི་ཐོན་འབབ་བརྟན་དུ་གཏོང་ཐུབ་པ་དང་གནམ་ཐང་གཅིག་གིས་ཁྲོམ་ར་གསར་པ་དང་སྦྲེལ་མཐུད་ཐུབ་ལ། རྩིས་ནུས་གཅིག་གིས་བཀོལ་སྤྱོད་བྱེད་ལམ་གསར་པ་ཐོན་ཐུབ་པ་དང་མྱུར་བཟོའི་གཞུང་ལམ་གཅིག་གིས་གེགས་ཁུལ་ལ་ཚེ་སྲོག་གི་བགྲོད་ལམ་གཏོད་ཐུབ་པར་བརྟེན། འཕེལ་རྒྱས་དེ་བོད་ཀྱི་དཔལ་འབྱོར་ལ་དེ་བས་སྙུགས་ཤེད་ལྡན་པ་དང་རྒྱུན་མཐུད་ཆོག་པའི་འདེགས་སྐྱོར་བརྟན་པོ་ཞིག་ཏུ་འགྱུར་ངེས།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།