དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལི་ཆང་2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-06

    ཟླ་11ཚེས་3ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཀྲེ་ཅང་ཝུའུ་ཀྲེན་དུ་2026ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཝུའུ་ཀྲེན་དབུ་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་ནས་བཞེད་དོན་གཙོ་བོའི་གསུང་བཤད་གནང་བ་རེད།

    ལི་ཆང་གིས་གསུངས་དོན། འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ལོ་13བསྟུད་མར་འཚོགས་ཡོད། ལག་རྩལ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ཀྱང་མི་རྣམས་ཀྱིས་ཡོངས་ཁྱབ་ཏུ་དོ་ཁུར་བྱེད་པའི་བརྗོད་གཞི་གལ་ཆེན་ཞིག་ལ་ཐོག་མཐའ་བར་གསུམ་དུ་འགྱུར་བ་བྱུང་མེད། དེ་ནི་ཇི་ལྟར་བྱས་ནས་དྲ་སྦྲེལ་གྱིས་མིའི་རིགས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་རྒྱུ་དེ་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་2015ལོའི་འཛམ་གླིང་དྲ་སྦྲེལ་ཚོགས་ཆེན་ཐོག་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་བཏོན་གནང་ནས། དྲ་སྦྲེལ་འཕེལ་རྒྱས་དང་བཅོས་སྐྱོང་གི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོའི་ཇུས་གཞི་མཁོ་འདོན་གནང་ཡོད། གོ་སྐབས་འདི་དང་བསྟུན་ནས་ངས་ཚང་མ་དང་བསམ་གཞིག་ཁག་གསུམ་མཉམ་སྤྱོད་བྱེད་ཀྱི་ཡིན།

    དང་པོ། དྲ་སྦྲེལ་འཕེལ་རྒྱས་ལ་རིག་ནུས་ཅན་གྱི་འཕོ་འགྱུར་དང་བརྒྱུད་རིམ་ཆ་ཚང་བའི་མཆོང་སྐྱོད་འབྱུང་བཞིན་ཡོད། མིག་སྔར། དྲ་སྦྲེལ་དང་མི་ཐབས་རིག་ནུས་སོགས་ཀྱི་ལག་རྩལ་མཉམ་འདྲེས་མྱུར་པོ་བྱུང་བ་ནི་རྨང་གཞིའི་སྒྲིག་བཀོད་ཅིག་ཡིན་པ་མ་ཟད། འཚོ་བ་སྐྱེལ་སྟངས་གསར་པ་ཞིག་དེ་བས་ཀྱང་ཡིན་ལ། ལག་རྩལ་གྱི་བྱ་ཐབས་ཤིག་ཡིན་པ་མ་ཟད། ཐོན་ལས་འཕོ་འགྱུར་གྱི་སྒུལ་ནུས་ཤིག་དེ་བས་ཀྱང་ཡིན། ཆ་འཕྲིན་གྱི་གཞི་རྟེན་ཞིག་ཡིན་པ་མ་ཟད། རིག་ནུས་གྲུབ་པའི་སྟོབས་ཤུགས་ཤིག་དེ་བས་ཀྱང་ཡིན་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དེ་བས་རྒྱ་ཆེ་ལ་གཏིང་ཟབ་པའི་ཤུགས་རྐྱེན་ཐེབས་ཀྱི་ཡོད།

    གཉིས་པ། དེང་གི་དུས་རབས་སུ་དྲ་སྦྲེལ་འཕེལ་རྒྱས་གཏོང་བར་མི་རྩ་བར་འཛིན་པའི་རིན་ཐང་གི་ལྟ་བ་འཛིན་ཕྱོགས་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། དྲ་སྦྲེལ་འཕེལ་རྒྱས་གཏོང་བའི་མཐའ་མའི་དམིགས་ཡུལ་ནི་ངེས་པར་དུ་མི་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་དགོས། ང་ཚོས་དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་གྲོས་འགོ་འདོན་དོན་ནི་དྲ་སྦྲེལ་གྱི་འབྲེལ་ཡོད་ལག་རྩལ་ལས་མིའི་འཇོན་ཐང་ཆེ་རུ་གཏོང་བ་དང་། མིའི་གདམ་ག་མང་དུ་གཏོང་བ། མིའི་རིན་ཐང་མངོན་པ། མིའི་བདེ་རྩ་ཆེ་རུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན་པ་ལས་མི་རྣམས་ལག་རྩལ་གྱི་བྲན་དུ་བཀོལ་མི་རུང་ལ། ལག་རྩལ་ལས་མིའི་རིགས་ཀྱི་འཕེལ་རྒྱས་ཁ་ཐོར་དུ་འགྲོ་མགྱོགས་སུ་དེ་བས་ཀྱང་གཏོང་མི་རུང་། བསམ་གཞིག་འདི་དང་འབྲེལ་བའི་གནད་དོན་འགའ་ཞིག་ལ་ལྷག་པར་དུ་དོ་ཁུར་བྱེད་དགོས། གཅིག་ནི“མི་དང་འཕྲུལ་ཆས”ཀྱི་འབྲེལ་བའི་དབྱེ་འབྱེད་ཡིན་ཞིང་། ངེས་པར་དུ་མིའི་གཙོ་ཁྲིད་རང་བཞིན་མཐའ་འཁྱོངས་བྱས་ཏེ། འཕྲུལ་ཆས་དེ་ཉིད་མིའི་རིགས་ཀྱི་ཡིད་རྟོན་རུང་བའི་ལག་ཆར་འགྱུར་བར་བྱེད་དགོས། གཉིས་ནི“རྩིས་ཐབས་དཔེ་དབྱིབས”ཀྱི་མི་ཆོས་བསམ་བློ་ཡིན་ཞིང་། ཡར་ཐོན་དགེ་བརྩོན་མཐའ་འཁྱོངས་བྱས་ཏེ་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་ལ་བརྟེན་ནས་ལག་རྩལ་གསར་པ་འཕེལ་རྒྱས་གཏོང་བའི་རྨང་གཞི་བརྟན་དུ་གཏོང་དགོས། གསུམ་ནི“གྲངས་དངོས་དཔལ་འབྱོར་མཉམ་འདྲེས”ཀྱི་བདེ་འཇགས་ཀྱི་སེམས་ཁྲལ་ཡིན་ཞིང་། དེ་བས་ཚོད་འཛིན་ཐུབ་པའི་ལག་རྩལ་གསར་གཏོད་དང་། དེ་བས་ཚགས་དམ་པའི་བདེ་འཇགས་འགོག་ཟོན། དེ་བས་འཐུས་སྒོ་ཚང་བའི་མཐུན་སྦྱོར་མཉམ་ལས་བཅས་ལ་བརྟེན་ནས་འཕེལ་རྒྱས་དང་བདེ་འཇགས་ལ་དེ་བས་སྤྱི་འདོམས་ཡག་པོ་བྱེད་དགོས། བཞི་ནི“གྲངས་རིག་གི་བར་ཁྱད”དྲང་གཞག་བཅོས་སྐྱོང་བྱེད་པ་དེ་ཡིན་ཞིང་། ལག་རྩལ་ཡར་རྒྱས་བྱུང་བའི་གྲུབ་འབྲས་དེ་སྤྱི་ཚོགས་ཡོངས་ཀྱི་ཁོངས་མིས་མཉམ་སྤྱོད་དངོས་འབྲེལ་ཐུབ་པར་བྱེད་དགོས།

    གསུམ་པ། དྲ་རྒྱའི་བར་མཐོངས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་ལག་གདང་སྦྲེལ་ནས་འཛུགས་དགོས། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་མཐའ་འཁྱོངས་བྱས་ནས་འཕེལ་རྒྱས་ཀྱི་བར་མཐོངས་གསར་པ་གསར་འབྱེད་བྱེད་དགོས། ཀྲུང་གོས་སྒོ་དབྱེ་གསར་གཏོད་མཐའ་འཁྱོངས་བྱས་ཏེ། ལག་རྩལ་གཞན་སྒྱུར་དང་ཤེས་བྱ་མཉམ་སྤྱོད་ལ་སྐུལ་འདེད་བཏང་ནས་རྒྱལ་ཁབ་ཁག་དང་མཉམ་དུ་སྒོ་དབྱེ་བསྟུན་མཁས་དང་གསོན་ཤུགས་ཀྱིས་ཁེངས་པའི་གྲངས་འཛིན་གསར་གཏོད་ཀྱི་ཁོར་ཡུག་གཏོད་ཀྱི་ཡིན། ཡིད་རྟོན་རུང་བ་དང་ཚོད་འཛིན་རུང་བ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཁག་གི་དྲ་རྒྱའི་བདེ་འཇགས་ལ་ལུགས་མཐུན་དོ་ཁུར་བྱེད་པར་བརྩི་འཇོག་དང་། བདེ་འཇགས་ཀྱི་འགྲན་སློང་ལ་ཕྱར་བ་གྲུ་འདེགས་ཀྱིས་ཁ་གཏད་བཅག་ནས“གྲངས་འཛིན་ལྕགས་ཡོལ”གཏོད་པར་ངོ་རྒོལ་བྱེད་ཀྱི་ཡིན། ཀུན་ཕན་དོ་སྙོམས་མཐའ་འཁྱོངས་བྱས་ནས་གྲངས་འཛིན་གྱི་ཁེ་སྤོགས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་ཧུར་ཐག་བྱས་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གྲངས་འཛིན་གྱི་ལག་རྩལ་ནུས་པ་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡིན། སྒོ་དབྱེ་གླེང་མོལ་མཐའ་འཁྱོངས་བྱས་ནས་ཕྱོགས་མང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་དྲ་སྦྲེལ་བཅོས་སྐྱོང་དེ་ཉིད་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་གི་ཡིན།

    སི་ཕེན་གྱི་དབུ་བཞུགས་བློན་ཆེན་གཞོན་པ་ཏི་ཡ་སི་སོགས་འགོ་ཚུགས་མཛད་སྒོར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། རྒྱལ་ཁབ་མང་པོའི་སྲིད་གཞུང་གི་དཔོན་རིགས་དང་། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། གོ་ལ་ཧྲིལ་པོའི་དྲ་སྦྲེལ་ཁེ་ལས་ཀྱི་འཐུས་མི། རིགས་གཅིག་མཁས་ཅན་དང་མཁས་དབང་བཅས་མི་1800ཙམ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།

    འགོ་ཚུགས་མཛད་སྒོ་མཇུག་འགྲིལ་རྗེས། ལི་ཆང་གིས“དྲ་སྦྲེལ་གྱི་འོད་སྣང”འགྲེམས་ཚོགས་དང་ཝུའུ་ཀྲེན་འཛམ་གླིང་དྲ་སྦྲེལ་ཚན་རྩལ་ཁང་དུ་སྐོར་གཟིགས་གནང་བ་རེད།

    ལི་ཧྲུའུ་ལེ་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།