དབུ་ཤོག>གསར་འགྱུར།>གསར་འགྱུར་དཔྱད་གཏམ།
  • བརྒྱུད་རིམ་གྱི་ལྟ་བ་ཟབ་ཏུ་བཏང་ནས་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་དགོས།

    ​—— ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་སྐོར་གླེང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-11-06

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་རྒྱུ་ནི་བརྒྱུད་རིམ་ལྡན་པའི་འདུ་འགོད་ཅིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བར་ངེས་པར་དུ་བརྒྱུད་རིམ་ཆ་ཚང་བའི་བསམ་གཞིག་མཐའ་འཁྱོངས་བྱེད་པ་དང་། རྒྱང་ལྟའི་རང་བཞིན་གྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། སྤྱི་ཡོངས་རང་བཞིན་གྱི་འཆར་འགོད་བྱེད་པ། སྤྱི་ཡོངས་རང་བཞིན་གྱི་སྐུལ་འདེད་གཏོང་བ་བཅས་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་ཏང་གི་ཆབ་སྲིད་འཛུགས་སྐྱོང་དང་། བསམ་བློ་འཛུགས་སྐྱོང་། རྩ་འཛུགས་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། སྒྲིག་ཁྲིམས་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་འབྲེལ་ཟབ་གོང་བུ་ཞིག་ལ་བརྩིས་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་བརྒྱུད་རིམ་ཆ་ཚང་བའི་བཀོད་སྒྲིག་བྱས་པ་དང་། “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ”དང“ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་ཁྱབ་བཀོད་འདོམས་སུ་བྱས་ཏེ། ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ”སོགས་ཀྱི་བླང་བྱ་ཁ་གསལ་བཏོན་ཡོད། དེ་ནི་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་བེད་སྤྱོད་གང་ལེགས་བྱས་པ་ཞིག་རེད་ལ། རྒྱང་ལམ་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་སྤེལ་དང་ཏང་སྟོབས་ཆེར་གཏོང་བའི་རྣམ་པ་གསར་པ་སྔར་བས་གཏོད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།

    དུས་རབས་གསར་པར་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་སྤེལ་དང་ཏང་སྟོབས་ཆེར་གཏོང་བར་གྲུབ་འབྲས་རླབས་པོ་ཆེ་ཐོབ་པའི་ཕྱོགས་གལ་ཆེན་ཞིག་ནི་བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་ལ་བརྟེན་ནས་ཏང་འཛུགས་སྐྱོང་གི་ལས་དོན་ཁག་ལ་སྤྱི་ཁྱབ་བཀོད་འདོམས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བ་དེ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》ནང་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་ཁྱབ་བཀོད་འདོམས་སུ་མཐའ་འཁྱོངས་ཀྱིས་ཏང་གི་ཕྱོགས་ཁག་འཛུགས་སྐྱོང་ལ་མཉམ་དུ་ཤུགས་སྣོན་རྒྱག་པ་དང་སྲིད་ཇུས་དང་བྱ་ཐབས་ཁག་སྦྲེལ་མཐུད་དང་ཆ་ལག་ཚང་པོ་ཡོང་བར་སྣང་ཆེན་དང་། གོང་དཔེ་འོག་སྟོན་དང་། གནད་ཁྱོན་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་ལ་སྣང་ཆེན། གོང་འོག་འབྲེལ་མཐུད་དང་། ཁོངས་ཁུལ་ཟུང་འབྲེལ། མཉམ་འཛིན་སྤྱི་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་པར་སྣང་ཆེན་བཅས་བྱས་པ་ལས་རང་རེའི་ཏང་གིས་བརྒྱུད་རིམ་ཆ་ཚང་བའི་བསམ་གཞིག་དང་ཚན་རིག་དང་མཐུན་པའི་བྱ་ཐབས་ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་བློ་དང་བྱ་སྤྱོད་ཀྱི་རང་རྟོགས་གང་ལེགས་མངོན་ཡོད་པས། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་ནུས་ལྡན་འགྲོ་ངེས་རེད།

    “ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་བསྐྲུན་རྒྱུ་ནི་སྤྱི་ཡོངས་རང་བཞིན་དང་གསར་གཏོད་རང་བཞིན་ལྡན་པའི་ལས་དོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་ནི་ནང་དོན་ཕུན་སུམ་ཚོགས་པ་དང་། ནུས་པ་ཆ་ཚང་བ། ཚན་རིག་དང་མཐུན་པ། ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་བབ་བསྟུན་མ་ལག་ཅིག་ཡིན་ཞེས་ནན་བཤད་གནང་ཡོད། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམིགས་ནས་བཀོད་སྒྲིག་རབ་དང་རིམ་པ་བྱས་པའི་ནང་བཅོས་སྐྱོང་གི་འདུ་ཤེས་དང་། བརྒྱུད་རིམ་གྱི་ལྟ་བ། རྩོད་སྒྲུབ་ཀྱི་བསམ་གཞིག་བཅས་ཀྱིས་ཏང་ལ་དོ་དམ་དང་། ཏང་བཅོས་སྐྱོང་། ཏང་འཛུགས་སྐྱོང་བཅས་བྱ་རྒྱུ་སྔར་བས་མངོན་གསལ་དོད་དུ་བཏང་ཡོད།

    དཔེར་ན། 《ཆོད་དོན》ནང་དུ“གུང་ཁྲན་ཏང་མིའི་ཏང་གཤིས་ཟབ་ཏུ་གཏོང་རྒྱུ”དེ་འཐབ་ཇུས་བཀོད་སྒྲིག་དང་བྱ་ཐབས་གལ་ཆེན་གྱི་ཨང་དང་པོར་བཞག་ནས། ཏང་གཤིས་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་རྩ་བའི་རང་བཞིན་གྱི་ལས་འགན་ཞིག་ཡིན་ཞེས་བཏོན་པ་ལྟ་བུ་སྟེ། དེའི་ཐོག་ནས་མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྱོང་ཆོས་ཉིད་ལ་ངོས་འཛིན་དང་སྟངས་འཛིན་གཏིང་ཟབ་ཐུབ་པ་མཚོན་ཞིང་། དེ་ནི་བརྒྱུད་རིམ་གྱི་ལྟ་བ་བེད་སྤྱོད་གཏིང་ཟབ་བྱེད་པ་ཞིག་རེད།

    ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པའི་ནང་དོན་གལ་ཆེན་དུ་བརྩི་བ་ནས། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དེ་ཏང་གི་བསམ་བློ་འཛུགས་སྐྱོང་གི་རྩ་བའི་ལས་འགན་དུ་བརྩི་བའི་བར་དང་། ཡང་དེ་ནས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་མཉམ་དུ་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་བར། ཚང་མར་བསམ་བློའི་ཐོག་གཞི་བརྟན་བསམ་འཕེལ་དང་ཏང་གཤིས་གོ་རྟོགས་མཐོ་རུ་ཕྱིན་ཡོད།

    བརྒྱུད་རིམ་གྱི་ལྟ་བ་མཐའ་འཁྱོངས་བྱས་ནས་ཏང་གཤིས་བློ་སྦྱོང་གི་ནང་གནས་ཆོས་ཉིད་དང་། ཏང་ཡོན་དང་ལས་བྱེད་པ་འཚར་ལོངས་ཀྱི་ཆོས་ཉིད་ཁོང་དུ་ཡང་དག་ཆུད་པར་བྱས་ཐོག ཏང་གཤིས་སློབ་གསོ་དང་ཏང་གཤིས་ཞུན་བརྡར་ལ་དམ་འཛིན་ཡག་པོ་བྱས་ཏེ། རང་རེའི་ཏང་གིས་ཕྱོགས་ཡོངས་དང་། རིམ་པ་མང་བ། རྒྱུན་རྣམ་ཅན་བཅས་ཀྱི་ཏང་གཤིས་ཞུན་བརྡར་མ་ལག་བཙུགས་ཡོད།

    《ཆོད་དོན》ནང་དུ་ཕྱོགས་ལྔའི་ཐད་ནས་བཀོད་སྒྲིག་ཞིབ་ཕྲ་བྱས་པ་ལས་འབྲེལ་བ་དམ་ཟབ་དང་ཕན་ཚུན་འབྲེལ་མཐུད་ཀྱི་མ་ལག་དམ་ཚགས་ཤིག་གྲུབ་ནས། གུང་ཁྲན་ཏང་མིའི་ཏང་གཤིས་ཟབ་ཏུ་གཏོང་རྒྱུར་ལས་ཀའི་གཙོ་གནད་དང་བྱ་ཐབས་གསལ་སྟོན་བྱས་ཡོད། ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི་སློབ་གསོ་ཤུགས་ཆེན་གཏོང་བ་ནི་ལས་འགན་ཨང་དང་པོ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བློ་སྒྲིལ་སེམས་སྐྱེད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་ནི་རྩ་བའི་ཐབས་ལམ། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཏང་གཤིས་གསོ་སྦྱོང་བྱེད་པ་ནི་བྱེད་ཐབས་གལ་ཆེན། ལག་ལེན་ཁྲོད་ནས་ཏང་གཤིས་ཞུན་བརྡར་བྱེད་པ་ནི་ལྡོག་མེད་ཀྱི་བླང་བྱ། ཏང་གཤིས་དབྱེ་འབྱེད་ལ་ཤུགས་སྣོན་རྒྱག་པ་ནི་འགན་སྲུང་གལ་ཆེན་བཅས་ཡིན་པས། ང་ཚོས་སློབ་སྦྱོང་ནན་ཏན་བྱས་ནས་གོ་བ་ཡག་པོ་བླངས་ཏེ་ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཚེ་གང་གི་དཔྱོད་དོན་དུ་བརྩིས་ཐོག་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་བྱས་ནས། ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་མདངས་རྒྱུན་འཁྱོངས་བྱེད་དགོས།

    ད་དུང་དཔེར་ན། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་ནི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐབས་ཇུས་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན་པ་ལྟ་བུ་སྟེ། ཚང་འཛོམས་གྲོས་ཚོགས་ཐོག་བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས“རུལ་སུངས་མི་བྱེད་པ་གསུམ”ལ་བློ་བརྟན་འགྱུར་མེད་ངང་གཞི་གཅིག་ཏུ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་འཐབ་ཇུས་བཀོད་སྒྲིག་བྱས་པ་དེའི་ཐོག་ནས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཆོས་ཉིད་རང་བཞིན་ཐད་རང་རེའི་ཏང་ལ་ངོས་འཛིན་ཟབ་མོ་བྱུང་བ་མཚོན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱས་པས། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་རྩ་ལག་མཉམ་བཅོས་དང་། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལམ་བུ་ཞིག་ཏུ་གྲུབ་འབྲས་ལྡན་པའི་ངང་སྐྱོད་ཐུབ་ཡོད། རུལ་སུངས་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་ཤུགས་སྔར་ན་མེད་པ་སྤེལ་བར་ཕན་འབྲས་ཀུན་གྱིས་མིག་མཐོང་ལག་ཟིན་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་བཀོད་སྒྲིག་བྱས་པའི་བྱ་ཐབས་གལ་ཆེན་ལས“རྩ་ལག་མཉམ་བཅོས་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་ལ་དེ་བས་སྣང་ཆེན་བྱེད་པའི”ཁྱད་ཆོས་མངོན་གསལ་དོད་པོ་མཚོན་པ་དང“ཆད་པ་ནན་པོ་གཅོད་པ་དང་། བཅོས་སྐྱོང་གནད་སྨིན་བྱེད་པ། སྔོན་འགོག་ནུས་ལྡན་བྱེད་པ། དམ་འཛིན་གཞི་གཅིག་ཏུ་བྱེད་པ་བཅས་མཐའ་འཁྱོངས”ཀྱི་ནང་གནས་བླང་བྱ་མངོན་པས། རུལ་སུངས་བཅོས་སྒྲིག་གི་ཕྱོགས་བསྡུས་ནུས་ཕྱོད་ཟམ་མི་ཆད་པར་ཆེ་རུ་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ངེས་རེད།

    ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ནམ་ཡང་ཚར་དུས་མེད། ང་ཚོས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་སྟེ་བརྒྱུད་རིམ་གྱི་ལྟ་བ་ཟབ་ཏུ་བཏང་ནས། ལས་དོན་ཁག་ལ་དེ་བས་དུས་རབས་རང་བཞིན་མངོན་པ་དང་། ཆོས་ཉིད་རང་བཞིན་ཁོང་དུ་ཆུད་པ། གསར་གཏོད་རང་བཞིན་ལྡན་པ་བཅས་བྱས་ཏེ། ཏང་ཆེན་པོའི་བཅོས་སྐྱོང་དང་ཀྲུང་གོའི་བཅོས་སྐྱོང་གི་གནས་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།


    འགན་འཁུར་རྩོམ་སྒྲིག་པ། པ་སངས་དབང་མོ།

འབྲེལ་ཡོད་གསར་འགྱུར།