“དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས”
ད་ལོའི་ཟླ་10པར་ཡོངས་བསྒྲགས་བྱས་པའི《ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར》ནང“དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་བརྟན་དུ་བཏང་ནས་ཀྲུང་གོའི་བཟོ་སྐྲུན་གྱི་སྟོབས་ཤུགས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས”ཞེས་བཏོན་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དཔལ་འབྱོར་འཕེལ་རྒྱས་དུས་མཚམས་གང་ཞིག་ཏུ་སླེབས་ཀྱང་དངོས་ཚན་དཔལ་འབྱོར་ནི་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་རྒྱལ་སྤྱིའི་དཔལ་འབྱོར་འགྲན་རྩོད་ཁྲོད་ང་ཚོར་རང་འགུལ་དབང་ཆ་ལྡན་པར་བྱེད་པའི་རྨང་གཞི་ཡིན”ཞེས་དང་། “དངོས་ཚན་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་རྒྱག་ས་དེ་དངོས་ཚན་དཔལ་འབྱོར་ཐོག་འཇོག་དགོས”ཞེས་བླང་བྱ་བཏོན་གནང་བ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་འགོད་གནང་སྐབས“དངོས་ཚན་དཔལ་འབྱོར་རྨང་གཞིར་བྱེད་དགོས”ཞེས་སླར་ཡང་ནན་བཤད་གནང་ཡོད།
དུས་རབས་གསར་པ་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རང་རྒྱལ་གྱི་དཔལ་འབྱོར་ལ་སྒུལ་ནུས་གསར་ཕྱོགས་དང་གྲུབ་ཆ་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་མངོན་ནས། དངོས་ཚན་དཔལ་འབྱོར་རྒྱུན་ཆད་མེད་པར་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་ཕྱིན་ཡོད།
བདེན་པ་བདེན་ཐུབ་དང་བློ་རྩེ་གཅིག་སྒྲིམ་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་དགོས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། “དངོས་ཚན་དཔལ་འབྱོར་ནི་རྒྱལ་ཁབ་ཅིག་གི་དཔལ་འབྱོར་གྱི་གཞི་ཚུགས་ས་དང་། རྒྱུ་ནོར་གསར་གཏོད་ཀྱི་རྩ་བའི་འབྱུང་ཁུངས། རྒྱལ་ཁབ་སྟོབས་འབྱོར་ལྡན་པའི་ཀ་རྟེན་གལ་ཆེན་བཅས་རེད”ཅེས་དང་། “ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོ་དངོས་ཚན་དཔལ་འབྱོར་ལ་གཅིག་སྡུད་དང་། སྲིད་ཇུས་དང་བྱ་ཐབས་དངོས་ཚན་དཔལ་འབྱོར་ལ་ཕྱོགས་པ། ལས་ཀའི་སྟོབས་ཤུགས་དངོས་ཚན་དཔལ་འབྱོར་ལ་གཅིག་སྒྲིལ་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་གནང་ཡོད།
སྣེ་གཅིག་ནི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་སྤྱི་ཡོངས་དང་འབྲེལ་ཡོད་པ་དང་། སྣེ་གཅིག་ཤོས་ནི་མི་སེར་གྱི་ཟས་གོས་འགྲོ་སྡོད་དང་འབྲེལ་ཡོད། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུའི་སྐོར་གླེང་གནང་སྐབས། “ཕྱོགས་གཅིག་དང་ཁྱབ་ཁོངས་གཅིག་ཀྱང་ཉུང་མི་རུང”ཞེས་ནན་བཤད་གནང་ཡོད།
ཆུང་ས“ལྷམ་ཆ་གཅིག”དང“གྱོན་གོས་སྣ་གཅིག”ཐད། སྤྱི་ཁྱབ་ཧྲུའུ་ཅིས་ལོ་བཅུ་ཕྲག་རིང་ལས་རིགས་གཙོ་བོར་གཞི་ཚུགས་པའི་ཨན་ཐ་ཀུང་སིར“བདེན་པ་བདེན་ཐུབ་དང་བློ་རྩེ་གཅིག་སྒྲིམ་གྱིས་ཁེ་ལས་གཉེར་དགོས་པའི”སྐུལ་ལྕག་གནང་ཡོད།
ཆེ་ས་སྒྲིག་ཆས་བཟོ་སྐྲུན་དང་རྒྱལ་ཁབ་ཆེན་པོའི་མཆོག་ནོར་ཐད། སྤྱི་ཁྱབ་ཧྲུའུ་ཅིས་ཀྲུང་ཁྲེ་ཆི་ཁྲེ་ཚོགས་པ་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་སྐབས། “སྒྲིག་ཆས་བཟོ་སྐྲུན་ལས་རིགས་ནི་རྒྱལ་ཁབ་ཀྱི་མཆོག་ནོར་ཞིག་དང་དངོས་ཚན་དཔལ་འབྱོར་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན”ཞེས་ནན་བཤད་གནང་ཡོད།
ངེས་ཤུགས་ཆེར་སྐྱེད་ཀྱིས་བྱ་བ་དངོས་ཏན་ཏིག་བསྒྲུབས་པ། ཚོང་ཙག་ཙིག་རྒྱག་པ་ནས་ཁྲོམ་ར་ཆེན་པོ་གཏོད་པའི་བར་དང་དེ་ནས་ནུས་གསར་རླངས་འཁོར་དང་མྱུར་བགྲོད་ལྕགས་ལམ་གྱི་ལག་རྩལ་སོགས་བར་ཚད་བརྒལ་ཟམ་མི་ཆད་པ་བྱུང་ནས་བཟོ་སྐྲུན་ལས་རིགས་ཀྱིས་འདེགས་སྐྱོར་ནུས་ཆེན་བཏོན་ཡོད།
གྲུབ་འབྲས་ཀྱི་གསལ་ཐོ་གཉིས་ཀྱིས་དཔང་པོ་བྱེད་པ།
གཅིག་ནི“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཚུགས་ལོའི་ཀྲུང་གོའི་དཔལ་འབྱོར་གྱི“དུས་ཚིགས་གསུམ་པའི་སྙན་ཞུ”ཡིན་ཞིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གིས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་25.7%ཟིན་པ་དང་། རྩེར་སོན་བཟོ་སྐྲུན་སོགས་ཀྱིས་མཚོན་པའི་སྒུལ་ནུས་གསར་པས་དཔལ་འབྱོར་འཕར་བར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་བཞི་ལྷག་ཙམ་ཟིན་ཡོད།
གཅིག་ཤོས་ནི་ཀྲུང་གོའི་དཔལ་འབྱོར་གྱི་ཡུན་རིང་གྲངས་གཞི་ཡིན་ཞིང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་གཞི་ཁྱོན་ལོ་16བསྟུད་མར་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ནས“གྲུ་རྡོའི”ནུས་པ་མངོན་གསལ་དོད་པོ་ཐོན་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་གཞི་འགོད་པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་དགོངས་ཟབ་མོ་བཞེས་ཏེ། “ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་ངེས་པར་དུ་དེ་བས་མངོན་གསལ་དོད་པའི་འཐབ་ཇུས་གནས་བབ་ཐོག་འཇོག་དགོས”ཞེས་གསུངས་ཡོད།
2023ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་། གསར་དར་ཐོན་ལས་ཚ་ཚ་འུར་འུར་ངང་འཕེལ་རྒྱས་འགྲོ་བའི་སྐོར་གླེང་སྐབས་སྤྱི་ཁྱབ་ཧྲུའུ་ཅི“ཐུགས་མཉེས་པོ་བྱུང་ལ་ཐུགས་ཁྲལ་ཡང་བྱུང་བ”སྟེ། “ཐུགས་མཉེས་པོ་བྱུང་བ་ནི་ང་ཚོའི་ཐོན་ལས་འདི་འཛམ་གླིང་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དེ་ཡིན་པ་དང་། ཐུགས་ཁྲལ་བྱུང་བ་ནི་སྔོན་ལ་འུར་ཐེངས་གཅིག་ལ་འཕེལ་རྒྱས་འགྲོ་བ་དང་དེ་ནས་གློ་བུར་དུ་འུར་ཐེངས་གཅིག་ལ་ཚང་མ་གང་ཡང་མེད་པར་ཆགས་ཉེན་ཡོད་པ་དེ་རེད”
དོན་དངོས་ལ་གཞི་ཚུགས་ནས་སྤྱི་ཁྱབ་ཧྲུའུ་ཅིས“དངོས་ཚན་དཔལ་འབྱོར་ནང་གི་སྲོལ་རྒྱུན་ཐོན་ལས་འདོར་མི་རུང་བ”དང“‘ཐོན་གསར་གསུམ’ཁོ་ནར་དམིགས་མི་རུང”ཞེས་ནན་བཤད་ཡང་ཡང་གནང་བ་དང་ཆབས་ཅིག “ངེས་པར་དུ་སྒུལ་ནུས་གསར་པ་སྐྱེད་སྲིང་དང་སྒུལ་ནུས་རྙིང་པ་གསར་བརྗེས་ཀྱི་འབྲེལ་བར་སྤྱི་འདོམས་ཡག་པོ་བྱེད་དགོས”པའི་ཐབས་ལམ་གསར་པ་བསྟན་གནང་ཡོད།
ཆོས་ཉིད་ལ་ངོས་འཛིན་དང་། ཆོས་ཉིད་ལ་བརྩི་འཇོག ཆོས་ཉིད་སྤྱོད་ཤེས་པ་བཅས་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་འཆར་འགོད་བྱེད་དགོས།
“དངོས་བྲལ་བཏགས་འགྱུར་བྱེད་མི་རུང”ཞེས་པ་ལས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གནས་ཚུལ་དང་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐིལ་རྟོགས་གཏིང་ཟབ་གནང་བ་རྟོགས་ཐུབ། “རང་རྒྱལ་ནི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་ངེས་པར་དུ་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས”
དངོས་བྲལ་བཏཌ་འགྱུར་ཇི་ལྟར་མི་ཐོན་པ་བྱེད་དགོས།
སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞིགས་ནས་གྲངས་འབོར་དང་སྤུས་ཚད་སྟངས་འཛིན་བྱེད་དགོས།
“རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་དང་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་གྲངས་འབོར་མང་བ་ནས་སྤུས་ཚད་ལེགས་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས” 2019ལོའི་ཟླ་9པར། སྤྱི་ཁྱབ་ཧྲུའུ་ཅིས་ཧོ་ནན་དུ་རྟོག་ཞིབ་གནང་སྐབས་ཐུགས་རེ་ཟབ་མོ་བཅོལ་གནང་ཡོད། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བའི་མདུན་དུ། ད་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅིས“ད་ཆ་འཕར་བ་ནི་སྟོབས་ཤུགས་དང་དོན་གཉེར་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་རྒྱུ་དེ་རེད”ཅེས་ནན་བཤད་གནང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་ཤིང་། ལས་གྲྭའི་རྣམ་གྲངས་གལ་ཆེན་109ཡི་ནང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་ལ་སྣེ་ཁྲིད་ཐུབ་པའི་རྣམ་གྲངས་28ཡོད། “གྲངས་འབོར་མང་བ་ནས་སྤུས་ཚད་ལེགས་པའི”བར་དངོས་ཚན་དཔལ་འབྱོར་ཡུན་རིང་ལག་བསྟར་དོན་འཁྱོལ་ཐུབ་ཡོད།
ལོ་རྒྱུས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས་མིག་སྔ་དང་ཕུགས་གཉིས་ཀ་མི་འཕྱུགས་པར་བྱས་པ།
2018ལོའི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་བཟོ་སྐྲུན་ལས་རིགས་ཀྱིས་དཔལ་འབྱོར་ཁྲོད་བཟུང་བའི་བསྡུར་ཚད་མགྱོགས་མྱུར་ཆག་པའི་གནད་དོན་ཐད“ངེས་པར་དུ་ཚད་མཐོའི་དོ་སྣང་བྱེད་དགོས”ཞེས་ནན་པོ་གསུངས་ཡོད། ཕུགས་ཀྱི་འཕེལ་རྒྱས་ཇུས་གཞིའི་ཐད་སྤྱི་ཁྱབ་ཧྲུའུ་ཅིས“བཟོ་སྐྲུན་ལས་རིགས་ཀྱི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས”ཞེས་ནན་བཤད་ཐེངས་མང་གནང་ཡོད།
དངོས་ཚན་དཔལ་འབྱོར་ལ་འཕོ་འགྱུར་བྱུང་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། “ཕྱི་རྒྱལ་གྱི་མུ་ཟི་དང་། ཡི་ཙི། ལྕགས་སོགས་ཕྱི་ནས་ཉོ་བར་བརྟེན་པ”ནས“བཟོ་ལས་ལས་རིགས་ཁྲོད་ཀྱི་འཛམ་གླིང་བཟོ་སྐྲུན་ལས་རིགས་ཆ་ཚང་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་དང་པོར་གྱུར་པའི”བར། ང་ཚོས་ཕུགས་ལ་གཞི་ཚུགས་པ་དང་ད་ལྟ་ཉིད་དུ་བསྒྲུབས་ནས་སྙིང་རུས་ཆེན་པོས་ཁེ་ལས་གཉེར་བར་བརྟེན་ཡོད།
ཆོས་ཉིད་ལ་བརྩི་བ་དང་དུས་བབ་ལ་བསྟུན་དགོས། དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་གོང་དུ་འཕེལ་བའི་ཀྲུང་གོའི་དཔལ་འབྱོར་ཡང་མཐར་དངོས་ཚན་དཔལ་འབྱོར་ལ་བརྟེན་ནས་འབྱུང་འགྱུར་ཕྱོགས་སུ་སྐྱོད་དགོས།
འབྲེལ་ཡོད་གསར་འགྱུར།