དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བློ་སེམས་གཅིག་མཐུན་ཏང་གི་རྗེས་སུ་འབྲངས། མཐུན་སྒྲིལ་འབད་འཐབ་བྱ་གཞག་རླབས་ཆེན་གཏོད།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་རང་ལྗོངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-05

    ཉིན་ཤས་བསྟུད་མར། རང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དེར་གོ་བ་ནན་ཏན་བླངས་ཏེ་ཉེ་འགྲམ་གྱི་མིག་མཐོང་ལག་ཟིན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་དང་ཟུང་འབྲེལ་གྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མྱོང་ཚོར་དངོས་ལྷུག་པོར་གླེང་བ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་སྙིང་གཏམ་ལྷུག་པོར་གླེང་ཞིང་། ཚང་མས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྤུན་ཉེ་འཆམ་མཐུན་དང་ཕན་ཚུན་ལྟ་སྐྱོང་གིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་བློ་སེམས་གཅིག་མཐུན་ངང་གཅིག་ཏུ་སྒྲིལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

    ཚང་འཛོམས་གྲོས་ཚོགས་ཐོག དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་པ་དང་། སྙིང་རུས་འདོར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་ཡོད།

    བོད་རང་སྐྱོང་ལྗོངས་སྨན་ཁང(སི་ཁྲོན་སློབ་ཆེན་ཧྭ་ཤིས་སྨན་ཁང་བོད་ལྗོངས་སྨན་ཁང)ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་བཀའ་བཅུ་པ་གཞོན་པ་བཟོད་པ་མཐར་ཕྱིན་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས། “ཉེ་བའི་ལོ་ཤས་རིང་། སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་སྒྲིག་ཁྲིམས་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་དང་ཏན་ཏིག་བྱུང་ནས། ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་རྒྱུན་མཐུད་ཕྱིན་པ་དང་སྨན་པ་དང་ནད་པའི་དབར་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་བརྟན་དུ་རྒྱུན་མཐུད་ཕྱིན་ཡོད། ད་ཆ་སྔོན་ལ་སྨན་བཅོས་བྱེད་པ་དང་རྗེས་སུ་སྨན་རིན་སྤྲོད་པ་སོགས་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ཏེ་ཕན་འབྲས་ཐོན་པ་དང་། ཕྱི་ནད་ཚན་ཁག་གི་ནད་ཆེན་མང་པོ་ལྗོངས་ཕྱིར་སྨན་བཅོས་བྱེད་པར་སྐྱོད་མི་དགོས་ལ། ས་མཐོའི་མང་ཚོགས་ཀྱི་སྨན་བཅོས་ཀྱི་ཁུར་པོའང་ཡང་དུ་ཏན་ཏིག་ཕྱིན་པ་དག་ལས། དངོས་སྒྲུབ་ལ་བརྟེན་ཏེ་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་བསྲུངས་ཡོད”ཅེས་བཤད།

    2026ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་གྲོང་ཚོའི་གླུ་གཞས་འགྲན་བསྡུར་ཆེ་མོའི་རྒྱལ་ཡོངས་ཀྱི་མཐའ་བསྡུར་ཁྲོད། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་ངར་རབ་གྲོང་རྡལ་ལ་སྒང་གྲོང་ཚོའི་ཞིང་འབྲོག་པའི་འཐུས་མི་རུ་ཁག་ལ་བྱ་དགའ་རིམ་པ་དང་པོ་ཐོབ་ཡོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་གིས། “གཟི་བརྗིད་དེ་ནི་མི་རིགས་ཁག་ཕན་ཚུན་རྒྱུས་མངའ་དང་མཉམ་འདྲེས་ཀྱི་དཔེ་མཚོན་དངོས་ཤིག་རེད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་བྱ་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། གྲོང་ཚོའི་རིག་གནས་ཉམས་ལེན་ཁུལ་དང་གྲོང་ཚོའི་ལོ་རྒྱུས་ཁང་སོགས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤེས་དཔལ་ལྡན་པའི་གྲོང་སྲོལ་གསོ་འཁྱོངས་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་ཀྱི་ཡིན”ཞེས་བཤད།

    སློབ་གསོའི་བྱ་གཞག་ལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བར་ཕྱིར་མིག་ལྟ་སྐབས། མེ་ཏོག་རྫོང་ཆ་ཚང་སློབ་ཆུང་གི་སློབ་སྤྱི་གཞོན་པ་སྐལ་བཟང་བདེ་སྐྱིད་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ལོ་20ལྷག་ཙམ་གྱི་གོང་དུ་ཁོང་ཕ་ཡུལ་ལ་ལས་ཀ་བྱེད་པར་ལོག་དུས་སུ་མེ་ཏོག་ཏུ་སློབ་ཤོར་བྱེད་ཚད་30%ཟིན་ཡོད། ད་ཆ་ས་གནས་དེ་གའི་ལོ་དགུའི་འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་100%ཟིན་པ་དང་། སློབ་ཁང་གསར་པ་བརྒྱབ་པ། སློབ་ཁང་ནང་ཕྲ་མཐོང་ཆེ་ཤེལ་དང་རོལ་ཆ་སོགས་སློབ་ཁྲིད་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་མ་ཟད། ཕྲུ་གུ་ཚོས་ཀྱང་གཙང་སྦྲ་དོད་པའི་སློབ་གོས་གྱོན་ཡོད། སྐལ་བཟང་བདེ་སྐྱིད་ཀྱིས། “ཁྲིད་སྟེགས་དེའང་མི་རིགས་མཐུན་སྒྲིལ་གྱི་ས་བོན་འདེབས་སའི་ཞིང་ས་ཞིག་རེད། སློབ་གྲྭས་མི་རིགས་ཁག་གི་གཞོན་ནུ་ལོ་ཆུང་ཚོར་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་མུ་མཐུད་ཁྲིད་སྟོན་བྱས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཕྲུ་གུ་ཚོའི་སེམས་སུ་གཏིང་ཟབ་ཟུག་པར་བྱ་རྒྱུ་རེད”ཅེས་བཤད།

    ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཐང་གའི་རྒྱུན་འཛིན་པ་དང་བོད་ལྗོངས་ཞོལ་འདོད་དཔལ་ལག་རྩལ་བཟོ་པའི་སློབ་གྲྭའི་སློབ་སྤྱི་གཞོན་པ་སྐལ་བཟང་གིས་ཐང་ག་བཞེངས་ནས་ལོ་30ལྷག་ཙམ་སོང་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་རྗེས་གཞི་རིམ་དུ་གཞི་ཚུགས་ནས་མི་རིགས་ཀྱི་ལག་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་མཁན་ཚོའི་དད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། “མུ་མཐུད་ཞིང་འབྲོག་པའི་བུ་ཕྲུག་རིན་མེད་ངང་བསྡུས་ནས་ཐང་ག་བཞེངས་རྩལ་དང་གཏེར་ཚོན་སྦྱོར་རྟ་བྱེད་སྟངས་སོགས་སྲོལ་རྒྱུན་ལག་རྩལ་སློབ་རྒྱུ་མ་ཟད། སློབ་ཁྲིད་བྱེད་རིང་གཞོན་ནུ་ཚོར་མི་རིགས་ཁག་གི་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཡིན་པའི་ངོས་འཛིན་ཐུབ་པར་དེ་བས་ཁྲིད་སྟོན་བྱ་རྒྱུ་དང་འབྲེལ། ལག་ནང་གི་པིར་སྨྱུག་ལ་བརྟེན་ནས་མི་རིགས་ཁག་འཆམ་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་དཔེ་རིས་ཤིག་འབྲི་གི་ཡིན”ཞེས་སྐལ་བཟང་གིས་བཤད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་བླ་མ་གླིང་དགོན་པའི་དགེ་འདུན་པ་པད་མ་འཕྲིན་ལས་ཀྱིས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པས་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། “ངས‘མོས་སེམས་ལྔ’ཟབ་ཏུ་རྒྱུན་མཐུད་བཏང་ནས་ཐོས་བསམ་ལ་རྩེ་གཅིག་ཏུ་གཞོལ་བ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་དང་འདུལ་ཁྲིམས་ནང་གི་དགེ་ལས་ལ་གཞོལ་རྒྱུར་སྐུལ་བ་དང་འཆམ་མཐུན་ལ་བརྩི་མཐོང་བྱེད་པའི་ནང་དོན་བཟང་པོ་སྔོག་འདོན་གཏིང་ཟབ་བྱས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་རྒྱུན་གཏན་གྱི་དཔེ་སྦྱོང་དང་སྒོམ་སྒྲུབ་ཁྲོད་ཁྱབ་པར་བྱེད་པ་དང་། དར་ཆ་གསལ་སྟོན་གྱིས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།