“ལོ་ལྔ་ཚན་བཅུ་བཞི་པའི”རིང་རང་ལྗོངས་ཀྱི་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་པ།
2026ལོར་མ་དངུལ་སྒོར་དུང་ཕྱུར་136གྲབས་གསོག་བྱས་ནས་དམངས་འཚོའི་དོན་དངོས་ཁག་34སྒྲུབ་པ།
ཉེ་ཆར། གསར་འགོད་པར“ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བོད་དུ་གསོན་ཉམས་དོད་པོས་ལག་ལེན་བསྟར”ཞེས་པའི་རིམ་སྤེལ་བརྗོད་དོན་གཙོ་བོའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་སྐྱོང་ལྗོངས་ནོར་སྲིད་ཀྱི་དམངས་འཚོའི་གཏོང་སྒོ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་ཟིན་པ་དེ་ལོ་ལྔ་ཚན་གོང་མ་ལས་45%འཕར་ནས་ནོར་སྲིད་གཏོང་སྒོའི་བསྡུར་ཚད་ཀྱི་80%ལས་བརྒལ་ཡོད།
གོ་བདེ་པོས་བཤད་ན། ནོར་སྲིད་ནས་སྒོར་10གཏོང་ཐེངས་རེར་དམངས་འཚོའི་ཐད་སྒོར་8ལྷག་ཙམ་སྤྱད་ཡོད། དུས་མཚུངས་སུ་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་དམངས་འཚོའི་དོན་དངོས་ཁག་106ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་645བཏང་ཡོད། ད་ལོ་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་136གྲབས་གསོག་བྱས་ནས་དམངས་འཚོའི་དོན་དངོས་ཁག་34བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ཡོད།
རང་སྐྱོང་ལྗོངས་ནོར་སྲིད་ཐིང་སྔོན་རྩིས་ཁྲུའི་ཁྲུའུ་ཀྲང་ཝང་ཤུས་ཅེ་ཡིས། དམངས་འཚོའི་མ་དངུལ་ནི་མི་སེར་གྱི“སྲོག་སྐྱོབ་དངུལ”དང“སེམས་གསོའི་དངུལ”རེད། རང་ལྗོངས་ཀྱི་ནོར་སྲིད་ཀྱི“རྩིས་དེབ”ནང་འཁོད་མང་ཤོས་ནི་མང་ཚོགས་ཀྱི་བདེ་སྡུག་སྐོར་ཡིན་པ་དང་ཤུགས་མང་ཤོས་རྒྱག་ས་སློབ་གསོ་དང་། སྨན་བཅོས། རྒན་གསོ་བཅས་རེད་ཅེས་བཤད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་སློབ་གསོའི་གཏོང་སྒོ་སྒོར་དུང་ཕྱུར་1835.56བཏང་ནས་སློབ་གྲྭ་55གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པ་དང་། ས་བབ་མཐོ་བའི་སློབ་གྲྭར་དྲོད་རླངས་མཁོ་འདོན་ཕྱོགས་ཡོངས་ལ་ཁྱབ་པ། སློབ་གསོའི“འགན་ལེན་གསུམ”གྱི་ལོ་རེའི་སློབ་མའི་ཆ་སྙོམས་ཚད་གཞི་དེ་2026ལོར་སྒོར་5940བར་མཐོ་རུ་བཏང་ཡོད། སྨན་བཅོས་ཐད“ལོ་ལྔ་ཚན་བཅུ་བཞི་པའི”རིང་། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར་861.1ཟིན་ནས་ལོ་རེར་ཆ་སྙོམས་14%འཕར་བ་དང་། ཐུམ་འབུའི་ནད་དང་། གྲུམ་བུ་ཚིགས་ཆེན་ནད། བྱིས་པའི་ལྷན་སྐྱེས་སྙིང་ནད། སྐྱ་འགྲིབ་བཅས་ནད་རིགས་བཞིར་སྨན་རིན་མི་དགོས་པར་སྨན་བཅོས་བྱེད་པ་དེ་རྒྱལ་ཡོངས་སུ་སྔོན་ལ་ཁྱབ་གདལ་བཏང་བ། 2026ལོར་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཀྱི་ཚད་གཞི་སྒོར་125བར་མཐོ་རུ་ཕྱིན་ནས་རྒྱལ་ཡོངས་ཀྱི་མཐོ་ཤོས་སུ་སླེབས་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་བདེ་འཇགས་ཚོར་སྣང་ལ་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་ཡོད། རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་ཧོ་ཁྲུན་གྱིས། “ད་ལོ་སྐྱིད་གྲོང་གི‘8·26’ཆུ་རུད་ཀྱི་གནོད་འཚེ་ཕོག་པ་དང་ནག་ཆུའི་སྦྲ་ཆེན་དུ་ས་ཡོམ་རིམ་པ་7.0བརྒྱབ་རྗེས། འཕྲལ་མ་ཉིད་དུ་གེགས་སེལ་དངུལ་གཤམ་སྤྲོད་བྱས་ནས་ཚབས་ཆེའི་གནས་ཚུལ་འཕྲལ་མར་ཐག་གཅོད་དང་དམིགས་བསལ་གནས་ཚུལ་དམིགས་བསལ་ཐག་གཅོད་བྱས་ཡོད”ཅེས་བཤད།
ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་ཡིན། ད་ལོ་ལྗོངས་ཡོངས་ཀྱིས་ལས་ཞུགས་ཐད་སྒོར་དུང་ཕྱུར་38.25བཏང་བས་གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་24.86གསར་དུ་ལས་ཞུགས་ཐུབ་པ་དང་། ཞིང་འབྲོག་པ་ཁྲི་64ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་70ལས་བརྒལ་བ། མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་རྒྱུན་འཁྱོངས་ཐུབ་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རང་ལྗོངས་ཀྱིས་རིམ་རྩིས་བརྒྱབ་ན་ལས་ཞུགས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་162.9དོན་འཁྱོལ་བྱས་པས་ལས་ཞུགས་ཀྱིས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
སྤྱི་ཚོགས་འགན་སྲུང་སྔར་བས་ཚགས་དམ་དུ་ཕྱིན་ཞིང་། ད་ལོ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་མི་རེར་ལོ་རེར་སྒོར་765བར་མཐོ་རུ་ཕྱིན་པ་དང་། གཞི་རྩའི་རྒན་གསོའི་དངུལ་མི་རེར་ལོ་རེར་སྒོར་3660བར་མཐོ་རུ་ཕྱིན་པ། དུད་ཚང་རེར་ཆ་སྙོམས་སྒོར་1800ཡི་ཚད་གཞི་ལྟར་དཀའ་ངལ་ཡོད་པའི་མང་ཚོགས་ལ་དྲོད་ལེན་གྱི་ཁ་གསབ་སྤྲད་པ། སྒོར་དུང་ཕྱུར་2.3བཏང་ནས་གྲོང་གསེབ་ཀྱི་ཉེན་ཡོད་ཁང་པ་དུད་ཚང་ཁྲི་1.36གི་ཡོམ་འགོག་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱས་པ། སྒོར་དུང་ཕྱུར་5.5བཏང་ནས་གྲོང་ཁྱེར་དང་རྫོང་གི་དྲོད་རླངས་མཁོ་འདོན་གྱི་གཉེར་སྐྱོང་ལ་ཁ་གསབ་སྤྲད་པ་བཅས་རེད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་འགན་སྲུང་གི་འབྲེལ་ཡོད་གཏོང་སྒོ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1066.5ཟིན་ཡོད།
སྐྱེ་ཁམས་དང་མཐའ་མཚམས་སྔར་བས་མཛེས་སྡུག་ལྡན་པར་གྱུར་ཞིང་། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྗོངས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་སྒོར་དུང་ཕྱུར་800ལྷག་ཙམ་གཏོང་བར་སྤྱི་འདོམས་བཀོད་སྒྲིག་བྱས་པ་དང་། ས་ཁུལ(གྲོང་ཁྱེར)བདུན་ཚང་མ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་འཛུགས་གཏོད་བྱས་ནས། རང་ལྗོངས་འདི་ཉིད་རྒྱལ་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་གྱི་ཚད་གཞི་ཚང་མ་ལོན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཏེ་ལོ་ལྟར་ཞིང་འབྲོག་པར་སྐྱེ་ཁམས་ལས་གནས་ཁྲི་40ལྷག་ཙམ་མཁོ་འདོན་བྱས་ཡོད། མཐའ་མཚམས་ས་ཁུལ་ལ་སྒྱུར་སྤྲོད་བྱེད་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་215.5ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལས་ལྡབ་1.8འཕར་བ་དང་། ད་ལོ་མཐའ་མཚམས་ཀྱི“བདེ་སྡོད་ཀྱི་དམིགས་བསལ་གཟིགས་སྐྱོང”གི་གློག་སྤྱོད་ལ་ཁ་གསབ་སྒོར་དུང་ཕྱུར་1.5བཏང་ཡོད།
དངུལ་བཏང་བ་དེ་དག་ལ་དོ་དམ་ཡག་པོ་བྱེད་དགོས། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་ཐད་འབྱོར་ལམ་སྲོལ་དང་དམངས་ཕན་ཞིང་ཕན་གྱི“གཱ་གཅིག་ཀུན་འཐུས”བརྒྱུད་ཁ་གསབ་དངུལ་ཐད་ཀར་མང་ཚོགས་ལ་རག་པར་བྱེད་པ་དང་། གལ་སྲིད་འཐེན་སྤྱོད་དང་གཞན་སྤྱོད་བྱས་རིགས་ཤེས་རྟོགས་བྱུང་ཚེ་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་རྒྱུ་རེད། ཧོ་ཁྲུན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”རིང་། བོད་ཀྱི་ནོར་སྲིད་ཀྱིས“སྲིད་གཞུང་གིས་ཟ་མཁས་འཐུང་མཁས་བྱས་ནས་མི་སེར་ལ་འཚོ་བ་ཡག་པོ་སྐྱེལ་རྒྱུ་ཡོང་བ”བྱས་ཏེ། གྲོན་ཆུང་བྱས་པའི་དངུལ་དམངས་འཚོའི་ཁྱབ་ཁོངས་ལ་གཙོ་གནད་ཐོག་བེད་སྤྱད་ནས་སྒྱུར་བཅོས་དང་འཕེལ་རྒྱས་ལས་བྱུང་བའི་གྲུབ་འབྲས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་དེ་བས་མང་བ་དང་དེ་བས་དྲང་སྙོམས་ངང་ཕན་འདོགས་པར་བྱས་ཡོད་ཅེས་གསུངས།
འབྲེལ་ཡོད་གསར་འགྱུར།