ས་ཡོམ་གྱི་སྐབས་སུ་བཙུགས་པའི་ཆུ་བགོས་གྲོང་ཚོའི་གཞོན་ནུ་དང་བླངས་རུ་ཁག
“སྲུང་སྐྱོང་བྱ་ཡུལ”ནས“སྲུང་སྐྱོང་བྱེད་མཁན”དུ་འགྱུར་བ།

འདི་ནི་ཆུ་བགོས་གྲོང་ཚོའི་གཞོན་ནུ་དང་བླངས་རུ་ཁག་གིས་གྲོ་ཞིབ་སོགས་འཚོ་བའི་དངོས་ཟོག་དབོར་བཞིན་པ།
ཟླ་10ཚེས་31ཉིན། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དམར་རུ་ཤང་ཆུ་བགོས་གྲོང་ཚོའི(གྲོང་ཚོ13)ས་ཡོམ་གྱི་ཞིག་རོའི་ཁྲོད་ཁ་བ་ལྷབ་ལྷུབ་ཏུ་བབས་མོད། འོན་ཀྱང་ལག་པ་ཐལ་བས་ཁེངས་ཤིང་ལྷམ་འདམ་གྱིས་ཚོས་པའི་ལོ་ཆུང་གཞོན་ནུ་མང་པོ་ཞིག་གིས་རོགས་སྐྱོབ་མི་སྣ་དང་འཕྲུལ་ཆས་མཉམ་དུ་ཡུལ་མིའི་ཁྱིམ་གྱི་ཅ་དངོས་འཚོལ་རོགས་བྱེད་བཞིན་ཡོད།
ཟླ་10ཚེས་22ཉིན་གྱི་ཆུ་ཚོད་22དང་སྐར་མ་33ལ་སྦྲ་ཆེན་རྫོང་དུ་ས་ཡོམ་རིམ་པ་7.0བརྒྱབ་པ་དང་། ས་ཡོམ་བརྒྱབ་རྗེས་ཀྱི་སྨག་རུམ་མུན་པའི་ཁྲོད་དུ་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག སྤྱི་བདེ། མེ་གསོད་སོགས་རོགས་སྐྱོབ་སྟོབས་ཤུགས་ཀྱིས་མཚན་འགྲུལ་བརྒྱབ་ནས་གེགས་ཁུལ་དུ་བསྐྱོད་ཡོད། དུས་ཚོད་དམ་འཛིན་གྱིས་རོགས་སྐྱོབ་བྱེད་རིང་ཁོང་རྣམ་པ་ཕུད་ད་དུང་ཆུ་བགོས་གྲོང་ཚོའི་གཞོན་ནུ་དང་བླངས་རུ་ཁག་གཅིག་ཡོད་པ་དང་དེར་མང་ཤོས་སུ་མི་30ལྷག་ཙམ་ཡོད། ཁོང་ཚོ་སྲང་ལམ་དང་དུད་ཚང་ཚང་མར་རྒྱུས་མངའ་ཧ་ཅང་ཆེ་བས་རོགས་སྐྱོབ་མི་སྣའི་ལས་རོགས་ཡག་ཤོས་སུ་གྱུར་ཡོད།
རུ་ཁག་དེའི་སྣེ་ཁྲིད་པ་ཚེ་རིང་གཡུ་རྒྱལ་ནི་2000ལོར་སྐྱེས་པའི་ཏང་ཡོན་གཞོན་ནུ་ཞིག་རེད།
ས་ཡོམ་རྒྱག་སྐབས་ཁོང་གྲོང་ཚོའི་ནང་དུ་མེད་ཅིང་། དེ་ཡང་སློབ་ཆེན་སློབ་མའི་ལས་གཏོད་པ་ཁོང་གིས་ཉིང་ཁྲི་གྲོང་ཁྱེར་དུ་ཟ་ཁང་ཞིག་བཙུགས་ཡོད་པ་དང་བྱ་གཞག་གཏོད་འགོ་ཚུགས་མ་ཐག་པའི་སྒང་རེད། དགོང་མོ་དེར་ཟ་ཁང་གི་གློག་དལ་གྱིས་ཡོམ་ཡོམ་བྱས་པ་དང་སྦྲགས་ཁོང་ལ་ཡང་ཡོམ་ཚོར་ཞིག་བྱུང་ཞིང་། དེ་ནས་ཁོང་སེམས་ལྷོད་ལ་བབས་ཙམ་བྱེད་པའི་སྐབས་སུ་གསར་འགྱུར་ནས་ཕ་ཡུལ་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དུ་ས་ཡོམ་བརྒྱབ་པ་མཐོང་། དེས་ན། ཁོང་གིས་ཕ་མ་སྤུན་མཆེད་ཚང་མར་ཁ་པར་བརྒྱབ་ཀྱང་འབྲེལ་བ་བྱེད་ཐུབ་མེད།
ཁ་པར་གཅིག་རྐྱང་མི་འགྲོ་བ་དང་གྲོང་ཚོའི་གནས་ཚུལ་གསལ་པོ་མ་ཤེས་པས། ཚེ་རིང་གཡུ་རྒྱལ་མུ་མཐུད་ཟ་ཁང་དུ་སྡོད་བཟོད་བྲལ།
ཆུ་ཚོད་23དང་སྐར་མ་30ཙམ་ལ་ཁོང་གིས་རླངས་འཁོར་བཏང་ནས་ཉིང་ཁྲི་ནས་ཐོན་ཡོང་ཞིང་། མཚན་མོར་ས་མཐོའི་རི་ལམ་དུ་མཐོང་རྒྱ་ཆེན་པོ་མེད་ཀྱང་། ཁོང་གིས་རིག་པ་དྭངས་གསལ་གྱིས་བྱང་ཕྱོགས་སུ་བསྐྱོད་མཐར་ཉིན་གཉིས་པའི་སྔ་དྲོའི་ཆུ་ཚོད་11ཙམ་ལ་དམར་རུ་ཤང་ཆུ་བགོས་གྲོང་ཚོར་འབྱོར།
རླངས་འཁོར་གྲོང་ཚོའི་མདའ་རུ་ཁ་འགོག་དུས། མིག་མདུན་གྱི་རྣམ་པ་ལས་ཁོ་རང་ཆུང་དུས་འཚར་ལོངས་བྱུང་སའི་ས་ཆ་དེ་ཡིན་པ་ངོ་ཤེས་དཀར་བར་གྱུར་ཡོད།
ཡིན་ནའང་། རོགས་སྐྱོབ་མི་སྣ་གྲོང་ཚོར་འབྱོར་ཟིན་པ་མ་ཟད་གྲོང་ཚོའི་ནང་དུ་གུར་བརྒྱབ་ཟིན་ནས་གནོད་འཚེ་ཕོག་པའི་མང་ཚོགས་གཅིག་རྗེས་གཉིས་མཐུད་ངང་དེར་སྤོ་བཞིན་ཡོད་ལ། གེགས་སེལ་དངོས་ཟོག་ཀྱང་རྒྱུན་མི་ཆད་པ་འབྱོར་ནས་ཡུལ་མིར་སྤྲོད་བཞིན་ཡོད་པ་མཐོང་བས་ཁོང་གཞི་ནས་བློ་བདེ་རུ་ཅུང་ཙམ་ཕྱིན།
འོན་ཀྱང་། དངོས་ཟོག་སྔར་བཞིན་འདང་གི་མེད་པས། ཚེ་རིང་གཡུ་རྒྱལ་གྱིས་འཕྲལ་མ་ཉིད་དུ་གཅེས་སེམས་མི་སྣར་འབྲེལ་བ་བྱས་ནས་གྲོང་ཚོར་ཕོ་ཁེབས་དང་། འབྲས། གྲོ་ཞིབ། ལྕགས་ཐབ་སོགས་འཕྲལ་མཁོ་ཆེ་བའི་དངོས་པོ་རག་ཐབས་བྱས། དངོས་ཟོག་འབྱོར་མ་ཐག་ཁོང་གིས་གྲོང་ཚོའི་གཞོན་ནུ་ཚོ་བསྐོངས་ནས་ན་གཞོན་དང་བླངས་རུ་ཁག་བཙུགས་པ་དང་འབྲེལ་དབོར་འདྲེན་དང་། བགོ་བཤའ། ཐོ་འགོད་བཅས་ཀྱི་ལས་དོན་ཡང་སྤེལ་འགོ་ཚུགས་པ་དང་། ཁོང་གིས་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་དེ་བས་དོ་སྣང་ཆེན་པོ་བྱས་ཏེ་ཁོང་ཚོར་ཞལ་འདེབས་དེ་བས་མང་བ་རག་ཐབས་བྱས།
དེ་ནས་བཟུང་རུ་ཁག་འདིས་ངལ་ཕྲན་ཙམ་ཡང་མི་གསོ་བར། གང་དུ་དགོས་མཁོ་ཡོད་ན་དེ་རུ་ཁོང་ཚོའི་གཟུགས་བརྙན་མཐོང་རྒྱུ་ཡོད།
རོགས་སྐྱོབ་དཔུང་ཁག་ཁག་དང་ཉིན་མཚན་མེད་པར་མཉམ་དུ་གཤིབ་རིང་གཞོན་ནུ་དེ་དག་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་ཚོས་མཐོང་བ་ནི་ཉེན་ཁར་མི་འཛེམས་པར་གདོང་མཆོང་དང་དམངས་ལ་བློ་གཅིག་སེམས་གཅིག་དང་། མུ་མཐུད་འབད་འཐབ་དང་དཀའ་ངལ་ལ་མི་སྐྲག་པ། གང་གསུང་དེ་སྒྲུབ་དང་མྱུར་བའི་སྒོ་ནས་ལས་དོན་སྒྲུབ་པ་བཅས་ཡིན་ལ། “མི་དམངས་ལ་ཞབས་འདེགས་ཞུ་བ”ནི་འབོད་ཚིག་ཙམ་མིན་པར་མཚན་དགུང་གི་དབོར་འདྲེན་རེ་རེ་དང་ཉེན་ཆེའི་ཁང་པའི་ནང་དུ་ཕར་འགྲོ་ཚུར་འོང་ཡང་ཡང་བྱེད་པ་ལས་མཐོང་ཐུབ།
གོང་གསལ་གྱི་གཞོན་ནུ་གསུམ་གྱི་སྐད་ཆ་ཤོད་སྟངས་མི་འདྲ་ཡང་དམིགས་ཡུལ་གཅིག་པ་ཡིན་ཏེ། སྲུང་སྐྱོང་བྱ་ཡུལ་གྱི་མི་ཞིག་ནས་གཞན་ལ་སྲུང་སྐྱོང་བྱེད་མཁན་ཞིག་ཏུ་འགྱུར་བ་བྱེད་པ་དེ་རེད།
འབྲེལ་ཡོད་གསར་འགྱུར།