ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ་ཧྲང་ཧའེ་རུ་གཉེར་རྒྱུ་ཡིན་པ།
ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམས་ཚོགས་སྐབས་དགུ་པ(གཤམ་དུ“ནང་འདྲེན་འགྲེམས་ཚོགས”ཞེས་བསྡུ་རྒྱུ)ཟླ་11ཚེས་5ནས་ཚེས་10ཉིན་བར་ཧྲང་ཧའེ་རྒྱལ་ཁབ་འགྲེམས་ཚོགས་ལྟེ་གནས་སུ་གཉེར་རྒྱུ་རེད། བོད་ཀྱིས་ཁེ་ལས་32སྒྲིག་འཛུགས་ཞིབ་ཚགས་བྱས་ནས་འགྲེམས་སྟོན་ལ་ཞུགས་རྒྱུ་ཡིན་པར། ཀྲུང་ཧྭའི་རྙིང་ཁུངས་མིང་ཅན་དང་། རྒྱལ་ཁབ་རིམ་པ་དང་དེ་བཞིན་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས། ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས། ཁྱད་ལྡན་རིག་གནས་བསམ་བཀོད་སོགས་སྣ་ཁ་མང་པོ་ཚུད་ཡོད་པས་གངས་ལྗོངས་ཀྱི་དངོས་ཟོག་ཡག་པོའི་ཡིད་དབང་འཕྲོག་ཤུགས་མི་འདྲ་བ་གཅིག་སྡུད་ཐོག་མངོན་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་རིང་བོད་ལྗོངས་ཚོགས་པས“གངས་ལྗོངས་ཀྱི་བཟོ་བོའི་བློ་ནས་འཁྲུངས་པའི་ཐོན་རྫས”ཞེས་པ་འགྲེམས་ཞུགས་ཀྱི་བརྗོད་དོན་གཙོ་བོར་བྱ་རྒྱུ་ཡིན་ཞིང་། དེའི་དམིགས་ཡུལ་ནི་བོད་ཀྱི་ཁྱད་ལྡན་རིག་གནས་མངོན་པར་བྱ་རྒྱུ་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། འགྲེམས་ཁུལ་དུ་མི་ཆོས་རིག་གནས་སྤེལ་རེས་ཀྱི་ས་ཡུལ་དངོས་ཀྱི་འགྲེམས་སྟོན་དང་སྤྱི་པའི་ཐད་གཏོང་གི་ཆེད་དོན་ཁུལ་དུས་གཅིག་ཏུ་བཙུགས་ཏེ་དྲ་ཐོག་དང་དྲ་ཕྱིའི་མཉམ་འདྲེས་ཀྱི་འགྲེམས་ཚོང་བྱེད་སྟངས་བརྒྱུད། ཁྱད་ལྡན་ཐོན་རྫས་ཀྱི་བྲིན་ཚོང་ཐབས་ལམ་སྔར་བས་ཡངས་སུ་གཏོང་རྒྱུ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུ་རེད། དེ་དང་ཆབས་ཅིག རང་ལྗོངས་ཀྱི་ཉོ་སྒྲུབ་ཚོང་པའི་ཚོགས་པས་ནང་འདྲེན་འགྲེམས་ཚོགས་ཀྱི་ཆུ་ཚད་མཐོ་བའི་སྒོ་དབྱེའི་ལས་སྟེགས་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་སྤུས་ལེགས་ཚོང་འགྲུལ་དང་རང་འགུལ་ངང་ཉོ་ཚོང་གི་ངོ་འཕྲད་གྲོས་མོལ་སྤེལ་རེས་དང་རྣམ་གྲངས་འབྲེལ་མཐུད་སོགས་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ་རང་ལྗོངས་ཀྱི་ཁྱད་ལྡན་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མུ་མཐུད་མཐོ་རུ་འགྲོ་བར་རམ་འདེགས་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།