“གླ་ཆ་སྤྲོད་པ”ནས“མི་སེམས་གཅིག་སྒྲིལ”བར།
—— ལྷུན་གྲུབ་རྫོང་གིས་འཚོ་རྟེན་ལས་སྤྲོད་བྱས་པ་ལས་ཕན་འབྲས་གཉིས་བྱུང་བའི་སྐོར།
འདི་ལོ་ནས་བཟུང་ལྷུན་གྲུབ་རྫོང་གིས་འཚོ་རྟེན་ལས་སྤྲོད་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་གྱིས་གཙོ་གནད་རྣམ་གྲངས་13ལ་སྤྱི་འདོམས་སྐུལ་འདེད་བཏང་ཞིང་། ཁྱོན་མ་དངུལ་སྒོར་ཁྲི་6791.27བཏང་བའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི་6420.24རག་ཐབས་བྱས་ཡོད། རྣམ་གྲངས་ལས་སྔོན་དཔག་བྱས་ན་མང་ཚོགས་ལ་ངལ་ནུས་གླ་ཆ་སྒོར་ཁྲི་3000ལྷག་ཙམ་སྤྲོད་ཐོབ་རྒྱུ་དང་མང་ཚོགས་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.45ཙམ་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།
བཀྲག་མདངས་འཚེར་བའི་དཔལ་འབྱོར་གྱི་ཕན་འབྲས་ཙམ་མ་ཟད་ད་དུང་གཞི་རིམ་བཅོས་སྐྱོང་གི་ཕན་འབྲས་ཀྱང་ཐོན་ཡོད། དེ་ཡང་རྣམ་གྲངས་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་བསྟུན་ནས། གྲོང་ཚོ་ཨུ་ལྷན་གྱི་འབོད་སྐུལ་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་གྲོང་ཚོའི་མཉམ་སྡེབ་ཀྱི་གོང་བུ་འགྲིལ་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ཏེ། མང་ཚོགས་གྲོང་ཚོ་རིམ་པའི་སྤྱི་པའི་ལས་དོན་ནང་ཞུགས་པའི་ཧུར་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད། དེས་ན། འཚོ་རྟེན་ལས་སྤྲོད་དེ་ཏང་དང་མང་ཚོགས་དབར་དང་ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི“གསེར་གྱི་ལྡེ་མིག”ལྟ་བུར་འགྱུར་བཞིན་ཡོད།
ད་ཆ་འཚོ་རྟེན་ལས་སྤྲོད་རྣམ་གྲངས་13གྲོང་ཚོ་ཁག་ཏུ་དོན་འཁྱོལ་བྱས་པས། ལས་མིའི་གྲངས་ཚད་ཇི་ལྟར་བགོ་བ་དང་། གསོ་སྦྱོང་གི་གོ་སྐབས་སྔོན་ལ་སུ་ལ་སྤྲོད་པ། གླ་ཆའི་ཚད་གཞི་ཇི་ལྟར་གཏན་འཁེལ་བྱེད་པ་བཅས་ཀྱི་ཐད། གྲོང་ཚོ་ཨུ་ལྷན་གྱིས་མང་ཚོགས་སྒྲིག་འཛུགས་ཀྱིས་གྲོས་བསྡུར་དང་། ཡོངས་བསྒྲགས། དོན་འཁྱོལ་བཅས་བྱེད་དགོས་ཀྱི་ཡོད། རྣམ་གྲངས་ཀྱི་ལས་མི་བཀོལ་སྤྱོད་དང་། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་བཅས་བྱེད་རིང་། གྲོང་ཚོའི“ཨུ་ལྷན་གཉིས”ལ་འགན་ཁུར་དོ་དམ་གྱི་དམ་འཛིན་བྱ་གཞི་དངོས་ཡོད་པས། སྐད་ཆ་ཤོད་སྐབས་གདེང་སྤོབས་ཡོད་པར་བརྟེན། མང་ཚོགས་ཀྱིས་ཀྱང་ཉན་འདོད་བྱེད་པ་དང་མཉམ་དུ་སྒྲུབ་འདོད་བྱེད་ཀྱི་ཡོད།
འཚོ་རྟེན་ལས་སྤྲོད་ལ་བརྟེན་པས་གྲོང་ཚོའི“ཨུ་ལྷན་གཉིས”ཀྱིས་མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ་བྱུང་ཞིང་། ཁྱིམ་གྱི་སྒོ་རྩར་བྱ་བ་དངོས་རེ་རེ་སྒྲུབ་པ་དང་ཁ་ཞེ་གཉིས་མེད་ཀྱིས་གྲོས་བསྡུར་རེ་རེ་བྱས་ནས་མི་སེམས་དྲོ་བར་བྱེད་རིང་། ལས་བྱེད་པ་དང་མང་ཚོགས་དབར་འབྲེལ་འདྲིས་བྱེད་ཟབ་ཏུ་ཕྱིན་པ་དང་གྲོང་ཚོ་རིམ་པའི་རྩ་འཛུགས་ཀྱི་དབང་གྲགས་ཀྱང་དངོས་དངོས་རྗེན་རྗེན་གྱི་ལས་དོན་དངོས་སྒྲུབ་རིང་རིམ་པས་ཆགས་བཞིན་ཡོད།
རྣམ་གྲངས་འཛུགས་སྐྲུན་ནི་ཁེར་རྐྱང་དུ་སྒྲུབ་པ་རྐྱང་འཐབ་མ་ཡིན་པར་གྲོང་ཚོ་ཡོངས་ཀྱི་གོང་འོག་བློ་ཁ་གཅིག་མཐུན་གྱི་ལག་ལེན་ཞིག་རེད། རྫོང་དང་ཤང་དུ་ཨར་པོ་རྒྱག་སྟངས་དང་ཉེན་མེད་ཐོན་སྐྱེད་བྱེད་སྟངས་སོགས་རྩལ་ནུས་རིན་མེད་ཀྱིས་གསོ་སྦྱོང་བྱས་པས། ཨར་པོའི་ལས་ཀ་རྩ་བ་ནས་བྱེད་མྱོང་མེད་པའི་ཡུལ་མི་མི་ཉུང་བ་ཞིག་གིས་ལག་རྩལ་སྣ་གཅིག་ཤེས་ནས། ཡུན་རིང་ལས་ཞུགས་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།
མིག་མཐོང་ལག་ཟིན་གྱི་ཡོང་འབབ་དང་འགྱུར་ལྡོག་དངོས་ལས་མང་ཚོགས་ཀྱིས་མཉམ་སྡེབ་ལས་ཀ་བྱས་ན་འཚོ་བ་ཇེ་ལེགས་སུ་འགྲོ་ཐུབ་པ་དངོས་སུ་ཚོར་བ་དང་། གྲོང་ཚོ་མི་ཉུང་བ་ཞིག་གིས་ད་དུང་རྣམ་གྲངས་ལས་བྱུང་བའི་ཡོང་འབབ་ཁག་གཅིག་གྲོང་ཚོའི་སྤྱི་ཕན་བྱ་གཞག་ལ་བཏང་བ་དང་དམངས་ཕན་དམངས་འཚོའི་དོན་ཆུང་སྣ་ཚོགས་ཡག་པོ་གཉེར་བས་མང་ཚོགས་ཀྱིས་གྲོང་ཚོའི་མཉམ་སྡེབ་ལ་བཅངས་པའི་གཏོགས་སེམས་དང་མོས་སེམས་མུ་མཐུད་ཆེ་རུ་ཕྱིན་ནས་དེ་སྔ་ཐར་ཐོར་དུ་ལུས་པ་དེ་དག་གཅིག་སྡུད་ཐོག་ལས་སྒྲུབ་ལས་གཏོད་ཀྱི་རྨང་རྡོ་བརྟན་པོ་ཞིག་ཏུ་གྱུར་ཡོད།
རྣམ་གྲངས་ལག་བསྟར་བྱ་ཡུལ་ནི་གཞི་རིམ་བཅོས་སྐྱོང་གི་སྦྱོང་བརྡར་བྱ་ཡུལ་ཡག་ཤོས་ཤིག་ཡིན་ཞིང་། འཚོ་རྟེན་ལས་སྤྲོད་ཀྱིས་མཐུན་རྐྱེན་སྦྱོར་གྱི་ཡོད་པས། མང་ཚོགས་ནི་གྲོང་དོན་གྱི་ཟུར་ནས་ལྟ་མཁན་ཞིག་མིན་པར་རིམ་བཞིན་སྤྱི་པའི་ལས་དོན་ནང་ཞུགས་མཁན་དང་འཛུགས་སྐྲུན་མཁན་དུ་གྱུར་ཡོད། ལས་མི་འདེམས་སྒྲུག་དང་། གླ་ཆ་སྤྲོད་པ། ལས་གྲྭའི་སྤུས་ཚད་ལྟ་སྐུལ་དོ་དམ་སོགས་ཚང་མས་སེམས་ཁུར་བྱེད་པའི་དོན་དག་ལ་དམིགས་ནས། གྲོང་ཚོ་སོ་སོས་རྒྱུན་དུ་གྲོང་མིའི་དོན་གྲོས་ཚོགས་འདུ་འཚོགས་ཏེ། དོན་དག་ཆེ་ཆུང་ཚང་མ་མཉམ་དུ་བགྲོ་གླེང་བྱེད་ཀྱི་ཡོད་པས“དོན་དག་བྱུང་ཚེ་བགྲོ་གླེང་བྱེད་ཆོག་པའི”ལྟ་བ་དེ་རིམ་བཞིན་ཡུལ་མིའི་རྒྱུན་གཏན་གྱི་འཚོ་བའི་ནང་འཇགས་ཡོད་ལ་གྲོང་གསེབ་ཀྱི་རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད།
རྣམ་གྲངས་13ལག་བསྟར་བྱེད་རིང་འགལ་ཟླ་དང་རྩོད་གཞི་ཚབས་ཆེན་གཅིག་ཀྱང་ཐོན་མེད་པ་དང་ཨར་སྐྲུན་གྱི་སྒྲིག་ལམ་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད།
ལམ་བཟོ་དང་ཆུ་ཡུར་བཟོ་བ་ནི་རྨང་གཞིའི་སྒྲིག་བཀོད་ཙམ་མ་ཡིན་པ་དང་། གླ་ཆ་སྤྲོད་པ་ནི་མང་ཚོགས་ལ་ཡོང་འབབ་རག་པ་ཙམ་མིན། ལྷུན་གྲུབ་རྫོང་གིས་འཚོ་རྟེན་ལས་སྤྲོད་བྱེད་པའི་ལག་ལེན་དངོས་ཀྱི་ཐོག་ནས་སྲིད་ཇུས་ཀྱི་ཁེ་འབབ་མང་ཚོགས་ཀྱི་ཡོང་འབབ་ལ་གྱུར་པ་མ་ཟད། གྲོང་གསེབ་བཅོས་སྐྱོང་བྱེད་པའི་རྩ་བར་ཡང་གྱུར་པ་ར་འཕྲོད་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།