ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་སྟོན་འབྲུ་མུའུ་ཁྲི་13.41བསྡུ་རོགས་བྱས་པ།
སྟོན་དུས་སུ་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་གིས་སྟོན་བསྡུའི་འགག་རྩའི་དུས་སྐབས་དམ་འཛིན་གྱིས“ཞིང་བརྟེན་འབྲུ་གསོག་དང་རྩལ་བརྟེན་འབྲུ་གསོག”གི་འཐབ་ཇུས་དོན་འཁྱོལ་གཏིང་ཟབ་བྱས་ནས། རྩ་འཛུགས་དང་། འཕྲུལ་ཆས། ཚན་རྩལ་སོགས་ཀྱི་མི་སྣ་སྤྱི་འདོམས་བཀོད་གཏོང་བྱས་ཏེ་ནས་སོགས་སྟོན་འབྲུ་དུས་ཐོག་ཏུ་མཛོད་ཁང་དུ་འཇུག་ཐུབ་པའི་འགན་ལེན་བྱས་ཡོད། 2026ལོར་རྫོང་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་13.41ཟིན་པའི་ནང་ནས་མུའུ་ཁྲི་12.49དང་། གྲོ་མུའུ་ཁྲི་0.36 སྲན་མའི་རིགས་མུའུ་ཁྲི་0.56བཅས་ཡོད་པ་རེད། མིག་སྔའི་བར་རྫོང་ཡོངས་ཀྱི་སྟོན་བསྡུའི་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་ནས་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་མཛོད་ཁང་དུ་བཅུག་ཟིན་པ་རེད།
སྟོན་བསྡུའི་རིང་། སྟེང་ཆེན་རྫོང་གིས་སྔོན་ཚུད་ནས་ཇུས་འགོད་དང་བཀོད་སྒྲིག་བྱས་ནས་རྫོང་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་སྣེ་ཁྲིད་པ་དང་། ཤང་དང་གྲོང་རྡལ་གྱིས་དམ་འཛིན་གཙོ་བོ་བྱེད་པ། གྲོང་ཚོ་དང་ཚོགས་ཆུང་མཉམ་འགུལ་བྱེད་པ། ཞིང་ལས་ལག་རྩལ་གྱིས་ཐ་སྐྱོང་བའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་། སྟོན་བསྡུའི་ཇུས་གཞི་བཟོ་བ། བཙས་མ་རྔ་བ་དང་། ཚར་མ་འདྲེན་པ། འབྲུ་རིགས་སྐེམ་པ། མཛོད་ལ་འཇུག་པ་བཅས་ཀྱི་བརྒྱུད་རིམ་ཞིབ་ཚགས་སུ་བཏང་བ་མ་ཟད། མཉམ་ལས་ཁང་དང་ཞིང་དུད་ཟུང་དུ་འབྲེལ་བའི་ལེགས་བསྡུས་ཅན་གྱི་ལས་དོན་སྒྲུབ་སྟངས་ཁྱབ་གདལ་གཏོང་བ་དང་། ཐར་ཐོར་གྱི་ཞིང་ཁ་དང་ཞིང་འཕྲུལ་བསྡུ་སྒྲིལ་བྱེད་པར་བརྟེན་ནས་ཞིང་དུད་ཀྱིས་ཁ་ཐོར་ངང་ལས་ཀ་བྱེད་པའི་ཐོན་སྐྱེད་ཀྱི་དཀའ་གནད་ནུས་ལྡན་བསལ་བ་དང་འབྲེལ་རྒྱུན་རྣམ་ཅན་གྱི་སྒོ་ནས་ཞིང་འཕྲུལ་བཀོལ་སྤྱོད་དང་། ཞིང་ནང་གི་མེ་སྐྱོན། འབྲུ་རིགས་སྐེམ་པ་སོགས་ཀྱི་བདེ་འཇགས་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ནས་སྟོན་བསྡུའི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་པ་རེད།
ཐོན་སྐྱེད་ཀྱི་དོན་དངོས་ལ་གཞིགས་ནས་རྫོང་དེས་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་མུ་མཐུད་དོན་འཁྱོལ་བྱས་ནས་བརྔ་བསྡུ་འཕྲུལ་འཁོར་དང་འབྲུ་འདོན་འཕྲུལ་འཁོར་སོགས་ཞིང་འཕྲུལ་ཡོ་བྱད་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། ཞིང་འཕྲུལ་ལས་སྒྲུབ་ཀྱི་ཆེད་ལས་ཞབས་ཞུའི་རུ་ཁག་འཛུགས་པ། རི་ཞིང་དང་ཚད་གཞི་མཐོ་བའི་ཞིང་ཁར་དམིགས་ནས་ཞིང་འཕྲུལ་གནད་སྨིན་བཀོད་སྒྲིག་བྱེད་པ། ཡུག་སྦྲེལ་འཕྲུལ་བསྡུ་དང་ཁོངས་བརྒལ་ལས་སྒྲུབ་བྱེད་པ་བཅས་ལ་བརྟེན་ནས། ངལ་རྩོལ་གྱི་དཀའ་ལས་ཆུང་དུ་གཏོང་བ་དང་། སྟོན་ཐོག་བསྡུ་རིང་འབྲུ་རིགས་འཕྲོ་བརླག་ཉུང་དུ་གཏོང་བ། སྟོན་བསྡུའི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་ནུས་ལྡན་བྱས་ཡོད།
ཚན་རྩལ་གྱི་འདེགས་སྐྱོར་ལ་དམིགས་ནས་རྫོང་དེས་དུས་འགོར་སོན་བཟང་དང་ཐབས་བཟང་ཁྱབ་གདལ་ཤུགས་ཆེན་བཏང་བས། རྫོང་དེ་ཡོངས་ཀྱི་སོན་བཟང་ཁྱབ་གདལ་གཏོང་བའི་རྒྱ་ཁྱོན་མུའུ་ཁྲི་8.39ཟིན་པ་དེ་ཞིང་ལས་ཀྱི་ཤང་དང་གྲོང་རྡལ་8ལ་ཁྱབ་པ་དང་། མུའུ་རེ་ནས་ཆ་སྙོམས་ནས་ཐོན་འབབ་རྒྱ་མ་643.25ཟིན་པ་མ་ཟད། རྒྱུན་རྣམ་ཅན་གྱི་སྒོ་ནས་ས་དཔྱད་ལུད་སྦྱོར་གྱིས་ལུད་རྒྱག་པ་དང་། ནད་འབུའི་གནོད་འཚེ་སྔོན་འགོག་དང་ཚོད་འཛིན། ལོ་ཏོག་མི་ཉལ་བ་བཅས་བྱས་ཏེ། ཞིང་ལས་ལག་རྩལ་པ་དང་ཚན་རྩལ་ཆེད་མངགས་པ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་བསྐྱོད་དེ་ཞིང་དུད་ལ་ཚན་རིག་དང་མཐུན་པའི་བརྔ་བསྡུ་དང་། ལུགས་མཐུན་ངང་སྐེམ་པ། ཚད་ལྡན་གསོག་ཉར་བཅས་བྱེད་སྟངས་གཅིག་གཏད་གཅིག་གིས་མཛུབ་ཁྲིད་བྱས་པ་དང་སྦྲགས། རྩི་ཤིང་སྲུང་སྐྱོང་མི་མེད་གནམ་གྲུས་མུའུ་ཁྲི་2ལ་ལས་སྒྲུབ་བྱས་པ་དང་རིག་ལྡན་ཞིང་ལས་ལག་རྩལ་དུས་གཅིག་ཏུ་ཁྱབ་གདལ་བཏང་ནས་ས་མཐོའི་སྟོན་བསྡུའི་དཀའ་གནད་བསལ་ཏེ་ཐོན་བརྟན་འབབ་འཕར་གྱི་རྨང་གཞི་བརྟན་དུ་བཏང་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།