དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • གྲོ་མོ་རྫོང་རྒུར་རུ་གྲོང་ཚོའི་གམ་པའི་ལུག་མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞིར།

    ལུ་གུ་གསར་པ་འབྱོར། ཐོན་ལས་སྟོབས་ཆེར་ཕྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-04

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དུད་སྣ་ཤང་རྒུར་རུ་གྲོང་ཚོའི་གམ་པའི་ལུག་མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞིའི་ལྷས་རར་གམ་པའི་ལུ་གུ་མགོ་གྲངས་1200ལྷག་ཙམ་འབྱོར་ཞིང་། འདི་ནི་རྒུར་རུ་གྲོང་ཚོའི་གམ་པའི་ལུག་མཉམ་ལས་ཁང་གིས་དུད་སྣ་གྲོང་ཚོ་ནས་གཅིག་སྡུད་འདེམས་ཉོ་བྱས་པ་ཞིག་རེད།

    “ལུག་དེ་དག་ང་ཚོས་རེ་རེ་བཞིན་འདེམས་སྒྲུག་ཞིབ་ཚགས་བརྒྱབ་པ་ཞིག་ཡིན་པས་ཤ་ཤེད་དང་གཟུགས་ཚད་ཚང་མ་ཉོ་སྒྲུབ་ཀྱི་ཚད་གཞི་ལོན་ཡོད”ཅེས་རྒུར་རུ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་མཉམ་ལས་ཁང་གི་ལས་འཛིན་དཔོན་ལྷག་པ་ཚེ་དབང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། འདེམས་ཉོ་བྱེད་སྐབས་ལས་དོན་པས་ལུག་དེ་དག་གི་བདེ་ཐང་གནས་ཚུལ་ལ་རེ་རེ་བཞིན་བརྟག་དཔྱད་བྱས་ནས་སྤུས་ཚད་ཀྱི་འགག་སྒོ་ནན་པོ་བསྲུངས་ཡོད། ལོ་རན་གྱི་རྒྱགས་གསོའི་ལུག་གཙོ་གནད་ཐོག་བདམས་ཏེ་ལྷས་རར་བཅུག་རྗེས་གཅིག་སྡུད་ཀྱི་རྒྱགས་གསོའི་ཁོར་ཡུག་དང་མགྱོགས་མྱུར་འཕྲོད་པར་བྱ་རྒྱུ་རེད་ཅེས་བཤད།

    རྒུར་རུ་གྲོང་ཚོའི་གམ་པའི་ལུག་མཉམ་ལས་ཁང་གི་གསོ་ཚགས་རྟེན་གཞི་དེ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1200བཏང་བ་དང་རྒྱ་ཁྱོན་སྨི་ངོས་གྲུ་900ཟིན་ཡོད། 2018ལོའི་ཟླ་དང་པོར་དངོས་སུ་སྤྱོད་འགོ་ཚུགས་རྗེས་མཉམ་ལས་ཁང་གིས་ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཤིང་། མིག་སྔར་རྟེན་གཞིར་ལག་ཡོད་གམ་པའི་ལུག་མགོ་གྲངས་2500ལྷག་ཙམ་ཟིན་པ་དང་། རྩྭ་འདེབས་རྒྱ་ཁྱོན་མུའུ་2200ཟིན་པ། མུའུ་རེར་རྩྭ་སོས་པ་སྤྱི་རྒྱ་400ཟིན་ནས་དགུན་དུས་ཀྱི་གཟན་རྩྭ་སྤྱིར་ན་རང་མཁོ་རང་གསོ་ཐུབ་རྒྱུ་རེད།

    གསོ་ཚགས་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་སྦྲགས། ལུག་ཤའི་ཐོན་རྫས་སོས་ཉར་གྱི་ཞན་ཆ་ཡང་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་ཞིང་། ཉིན་ཤས་གོང་བྲིན་ཚོང་ཐད་མཁྲེགས་ཆས་རིམ་སྤོར་བྱས་ཏེ་མ་དངུལ་སྒོར་ཁྲི་197བཏང་ནས་རྒུར་རུ་གྲོང་ཚོའི་གམ་པའི་ལུག་གྲང་ཕྲེང་མཛོད་འཇུག་མ་ལག་འཛུགས་སྐྲུན་རྣམ་གྲངས་ལེགས་གྲུབ་བྱུང་སྟེ་སྤྱོད་འགོ་ཚུགས་པ་རེད།

    “གསོ་ཚགས་དང་། རྒྱགས་གསོ། གྲང་ཕྲེང་། ཕྱིར་ཚོང་བཅས་གཅིག་རྗེས་གཉིས་མཐུད་ངང་བྱས་པ་དང་བསྟུན་ནས་གམ་པའི་ལུག་རྒུར་རུ་གྲོང་ཚོ་ནས་ཕྱིར་འཚོང་བྱས་ཏེ་རིན་གོང་མཐོ་པོ་རག་ཡོད། ད་ལོ་ཚུན་དུ་མཉམ་ལས་ཁང་གིས་རིམ་རྩིས་བརྒྱབ་ན་གམ་པའི་ལུག་མགོ་གྲངས་5500ལྷག་ཙམ་བཤས་བཏང་བར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་412.5བྱུང་བ་དང་ཁེ་གཙང་ཡོང་འབབ་སྒོར་ཁྲི་115བྱུང་ཡོད”ཅེས་ལྷག་པ་ཚེ་དབང་གིས་དགོད་བཞིན་དུ་བཤད།

    ད་ཐེངས་ལུག་མང་པོ་ཉོས་པ་དེས་མཉམ་ལས་ཁང་གི་ལུག་གི་ལག་ཡོད་མགོ་གྲངས་མང་དུ་ཕྱིན་ཡོད། “ལུག་ཉོ་རྒྱུ་ནི་འཆར་གཞི་དང་པོ་དེ་ཡིན”ཞེས་ལྷག་པ་ཚེ་དབང་གིས་བཤད་ཅིང་། ཁོང་གིས“དེ་རྗེས་རྒྱགས་གསོ་དང་། རིམས་འགོག གྲང་ཕྲེང་། ཕྱིར་ཚོང་བཅས་ཚང་མ་གཅིག་རྗེས་གཉིས་མཐུད་དུ་བྱས་ནས། ལྷས་རར་ཡོད་པའི་ལུག་ཚང་མ་མང་ཚོགས་ཀྱི་འབབ་ཁུངས་དངོས་སུ་འགྱུར་བ་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན”ཞེས་བཤད།

    མཉམ་ལས་ཁང་གི་ཐོན་ལས་སྤུས་འབྲས་ལེགས་གཉེར་དང་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་ཁེ་སྤོགས་ལོངས་སྤྱོད་ཐུབ་ཅིང་། མིག་སྔར་མཉམ་ལས་ཁང་གིས་རྒུར་རུ་གྲོང་ཚོའི་དུད་ཚང་80ཡི་མང་ཚོགས་455འབབ་འཕར་ཕྱུག་འགྱུར་ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ་དང་ཆབས་ཅིག དུད་སྣ་ཤང་གི་སྲིད་འཛིན་གྲོང་ཚོ་7དང་རྒུར་རུ་ཤང་གི་གྲོང་ཚོ་3གྱི་ལུག་རྒྱགས་གསོ་དང་ཁྲོམ་རར་ཕྱིར་འཚོང་གི་ཐོན་ལས་འཕེལ་རྒྱས་ཡོང་བར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།