“རྩྭ་ཆུ་གང་བཟང་དུ་སྐྱས་སྤོ་བ”ནས“འཁོར་འབྲེལ་ཧྲིལ་པོའི་ལས་སྒོ་དར་བའི”བར།
—— སྣ་དཀར་རྩེ་རྫོང་གསོ་མཁས་ལུག་གི་རྒྱུད་པ་ལེགས་སུ་བཏང་བའི་སྐོར་བཀོད་པ།
ཡར་འབྲོག་གཡུ་མཚོའི་ངོགས་ཀྱི་ས་བབ་སྨི་4500ཟིན་པའི་མཐོ་གྲང་རྩྭ་ཐང་དུ་ཞོགས་པའི་བསིལ་རླུང་དལ་བུར་ལྡང་ཞིང་། སྣ་དཀར་རྩེ་རྫོང་འོང་མགོ་གྲོང་ཚོའི་འབྲོག་པ་ཕུར་བུ་ཚེ་རིང་གིས་ཚད་ལྡན་ཅན་གྱི་གསོ་ཚགས་ར་བའི་ནང་བསྐྱོད་དེ་གསོ་མཁས་ལུག་གིས་གཟན་ཆག་ཟ་ཚུལ་ལ་ཞིབ་ཕྲ་བལྟས་ནས་རྒྱུན་གཏན་གྱི་གཡོག་བྱེད་ལས་དོན་ཡག་པོ་སྒྲུབ་བཞིན་ཡོད།
ལོ་བཅུ་ལྷག་ཙམ་གོང་ཕུར་བུ་ཚེ་རིང་རང་ཉིད་ཀྱི་ཕ་མེས་དང་འདྲ་བར་ལུག་དེད་ནས་རྩྭ་ཆུ་གང་བཟང་གི་ས་ཆར་སྐྱས་སྤོས་ནས་སྡོད་ཀྱི་ཡོད། སྐབས་དེར་ལུག་བཙོངས་པའི་ཡོང་འབབ་ཕྲན་བུར་བརྟེན་དགོས་ཀྱི་ཡོད་པས་འཚོ་བ་བརྟན་པོ་མེད་པའི་ཁར་སྡོད་གནས་ཀྱང་གཏན་འཁེལ་མེད། ད་ཆ། གྲོང་ཚོ་རིམ་པའི་གསོ་ཚགས་མཉམ་ལས་ཁང་བཙུགས་ནས་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་བསྟུན་ནས། ཁོང་གི་གནས་ངེས་མེད་དུ་སྐྱས་སྤོ་བའི་འབྲོག་པའི་འཚོ་བ་རྦད་དེ་མཇུག་འགྲིལ་ཏེ། གནས་གཏན་འཁེལ་གྱི་ལུག་ཁྱུར་གཡོག་བྱེད་བྱེད་པའི་ལས་ཀ་བརྟན་པོ་རག་ནས་གླ་ཆ་ལེན་རྒྱུ་བྱུང་བ་མ་ཟད། ད་དུང་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམས་ཀྱང་རག་ནས་འཚོ་བའི་འགྲོ་སོང་འདང་ངེས་ཡོད་པ་རེད།
འབྲོག་དུད་གཅིག་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་ནི་སྣ་དཀར་རྩེ་རྫོང་གིས་གསོ་མཁས་ལུག་གི་ཁྱད་ལྡན་རྒྱུད་པ་བེད་སྤྱོད་གང་ལེགས་བཏང་ནས། སྲོལ་རྒྱུན་འབྲོག་ལས་དེང་རབས་ཅན་གྱི་འཁོར་འབྲེལ་ཧྲིལ་པོའི་ཐོན་ལས་ལ་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་སྐུལ་འདེད་གཏོང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།
མཐོ་སྒང་གི་རྒྱུད་བཟང་ལ་བརྟེན་ནས།
རང་བྱུང་རྒྱུད་པའི་ལེགས་ཆ་འདོན་སྤེལ་བྱས་པ།
སྣ་དཀར་རྩེ་རྫོང་དུ་རང་བྱུང་རྩྭ་ར་མུའུ་ཁྲི་861.2དང་མི་ཐབས་ལ་བརྟེན་པའི་རྩྭ་འདེབས་རྟེན་གཞི་མུའུ་ཁྲི་2ཡོད་པ་དང་། ས་བབ་མཐོ་ལ་སྦགས་བཙོག་མེད་པའི་ས་མཐོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཀྱི་ལེགས་ཆར་བརྟེན་ནས་རྒྱུད་པ་ལེགས་པའི་གསོ་མཁས་ལུག་འཕེལ་བར་མཐུན་རྐྱེན་སྦྱར་ཡོད།
ལུག་གི་རྒྱུད་པ་དེ་ནི་གཙོ་བོ་ལྷུན་པོ་ཞོལ་ཤང་གསོ་མཁས་གྲོང་ཚོར་ཡོད་ཅིང་། དེ་ནི་ལོ་ངོ་སྟོང་ཕྲག་རིང་རང་བྱུང་གི་འདུལ་གསོ་དང་ཚན་རིག་དང་མཐུན་ལ་མི་ཐབས་ལ་བརྟེན་ནས་འདེམས་གསོ་བྱས་པ་བརྒྱུད། གྲང་ངར་བཟོད་ཐུབ་པ་དང་། ནད་སྐྱོན་འགོག་ཐུབ་པ། གཟན་ཆག་རྩིང་པོ་ཟ་ཐུབ་པ་བཅས་ཀྱི་ཁྱད་ཆོས་བཟང་པོ་ལྡན་པ་མ་ཟད། ས་མཐོའི་ཐུན་མོང་མ་ཡིན་པའི་ཁོར་ཡུག་དང་འཕྲོད་ཀྱི་ཡོད།
ཐུན་མོང་མ་ཡིན་པའི་རྒྱུད་པའི་ལེགས་ཆར་བརྟེན་ནས་གསོ་མཁས་ལུག་ལ་སྔ་རྗེས་སུ་ཐོབ་ཐང་ཁས་ལེན་མང་པོ་ཐོབ་པ་དང་སྦྲགས་སྤུས་རྟགས་ཀྱི་ཤུགས་རྐྱེན་ཡང་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད། 2025ལོའི་ལོ་མཇུག་བར་རྫོང་ཡོངས་ཀྱི་གསོ་མཁས་ལུག་གི་ལག་ཡོད་མགོ་གྲངས་ཁྲི་18.73ཟིན་པའི་ནང་གསོ་མཁས་གྲོང་ཚོར་ལག་ཡོད་མགོ་གྲངས་ཁྲི་2.5ཡོད་པ་དང་། རྫོང་ཡོངས་ཀྱི་འབྲོག་ལས་ཐོན་ལས་ཀྱི་ལོའི་ཡོང་འབབ་སྒོར་དུང་ཕྱུར་2.4ལྷག་ཙམ་ཟིན་པ། གསོ་མཁས་ལུག་ཁོ་ནའི་ཐོན་རྫས་རིན་ཐང་སྒོར་ཁྲི་6000ལྷག་ཙམ་ཟིན་ནས་རྫོང་ཁོངས་ཀྱི་ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་དང་ཞིང་འབྲོག་པའི་འབབ་འཕར་ལ་སྣེ་ཁྲིད་བྱེད་པའི་ཀ་རྟེན་ལྟ་བུའི་ཐོན་ལས་ལ་གྱུར་ནས་རྫོང་ཁོངས་ཀྱི་ཞིང་འབྲོག་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བརྟན་པོ་བྱེད་བཞིན་ཡོད།
གསོ་སྤེལ་བྱེད་སྟངས་བསྐྱར་དུ་བཟོས་ནས།
ཐོན་ཁུངས་ཀྱི་ནང་སྐྱེས་སྒུལ་ཤུགས་གང་འགབ་ཅི་སྤྱོད་བྱས་པ།
རྒྱུད་པ་ལེགས་པའི་ཁྱད་ཆོས་དེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆར་རྦད་དེ་འགྱུར་ཐུབ་མེད། སྔོན་ཆད་ས་གནས་དེ་གའི་རགས་ལས་གསོ་ཚགས་དང་གཅེས་ཉར་དང་བཤས་གཏོང་མི་ཕོད་པའི་སྲོལ་རྒྱུན་གྱི་གསོ་ཚགས་བྱེད་སྟངས་དེས་གསོ་མཁས་ལུག་གི་ཐོན་ལས་འཕེལ་རྒྱས་གཏོང་བར་ཡུན་རིང་ཚོད་འཛིན་ཐེབས་ནས། གསོ་ཚགས་ཀྱི་དུས་འཁོར་རིང་བ་དང་། བཤས་གཏོང་ཚད་དམའ་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་པོ་མེད་པ་སོགས་ཀྱི་གནད་དོན་ཡོངས་ཁྱབ་ཏུ་གནས་ཡོད།
ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ་དང་ཁྱད་ལྡན་ཐོན་ལས་ཀྱི་མི་མངོན་པའི་ནུས་པ་འཕེལ་བར་བྱ་ཆེད། ཉེ་བའི་ལོ་ཤས་རིང་སྣ་དཀར་རྩེ་རྫོང་གིས་གནད་སྨིན་ཇུས་འདོན་དང་དམིགས་གཏད་ཤུགས་འདོན་གྱིས་རིགས་ཁག་གི་མ་དངུལ་སྒོར་ཁྲི་7156སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་གསོ་མཁས་ལུག་གི་ལུག་ཐུག་སྐྱོང་གསོ་རྟེན་གཞི་དང་། ཚད་ལྡན་ཅན་གྱི་རྒྱུད་སྤེལ་ར་བ། ཁམས་དཀར་འཁྱགས་མ་ལས་སྣོན་རྟེན་གཞི་བཅས་བསྐྲུན་པ་མ་ཟད་ཐོན་ལས་ཀྱི་སྒྲིག་བཀོད་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཡོད།
གཞན་ཡང་། ཚོང་འགུགས་མ་འདྲེན་ལ་རྒྱུན་མཐུད་ཤུགས་བརྒྱབ་པ་དེས་གསོ་མཁས་ལུག་གི་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་མགྱོགས་སུ་གཏོང་ཐུབ་ཡོད། 2024ལོར་སྣ་དཀར་རྩེ་རྫོང་གིས་ཨན་ཧུའེ་ཀྲེང་ཧྭ་ལུག་ལས་ཚོགས་པ་བདེ་བླག་ངང་ནང་འདྲེན་བྱས་ཏེ། བོད་ལྗོངས་ཨན་ཧུའེ་རོགས་སྐྱོར་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་ཆེད་དོན་མ་དངུལ་སྒོར་ཁྲི་1500བསྐྱར་དུ་བཏང་ནས་ཚན་ཞིབ་གསོ་ཚགས་ཀྱི་ལྷན་སྦྱར་སྒྲིག་བཀོད་རིམ་སྤོར་བྱས་ཡོད། ཏང་ཀྲི་པུའུ་དང་། མཉམ་ལས་ཁང་། ཕྱུག་འགྱུར་སྣེ་ཁྲིད་པ་བཅས་མཉམ་དུ་འབྲེལ་བའི་ཐོན་ལས་ཅན་གྱི་འཕེལ་རྒྱས་ལམ་སྲོལ་ལ་བརྟེན་ནས་ས་གནས་དེ་གའི་ཁ་ཐོར་ངང་གསོ་ཚགས་བྱེད་པའི་འབྲོག་པ་རྣམས་རིམ་བཞིན་ཐོན་ལས་ཀྱི་བཟོ་པར་བསྒྱུར་བ་དང་། གསོ་ཚགས་བྱེད་སྟངས་དང་སྐྱེད་སྲིང་ལག་རྩལ་ཕྱོགས་ཡོངས་ནས་གསར་བཅོས་བྱས་པས། གསོ་མཁས་ལུག་གསོ་ཚགས་ཀྱི་དུས་འཁོར་ཟླ་36ནས་ཟླ་12ཙམ་བར་ཐུང་དུ་གཏོང་ཐུབ་ནས་གསོ་ཚགས་ཀྱི་ཕན་འབྲས་ཆེ་རུ་ཕྱིན་ཡོད། མིག་སྔར་རྫོང་ཁོངས་ཀྱི་རྒྱུད་པ་ལེགས་པའི་གསོ་མཁས་ལུག་ཐུག་ཁྲི་1ཡན་མཐའ་འཁོར་གྱི་རྫོང་དང་གྲོང་ཁྱེར་ལ་ཁྱབ་གདལ་བཏང་བར་རིམ་རྩིས་བརྒྱབ་ན་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་1500ཡན་ཡོང་བར་སྐུལ་ཁྲིད་ཐུབ་སྟེ། སྲོལ་རྒྱུན་གྱི་གནམ་གཤིས་ལ་བརྟེན་ནས་ཕྱུགས་རིགས་འཚོ་བ་དང་ལས་ཕྱོད་ཆུང་བའི་ཡོང་འབབ་གསོག་སྟངས་ལ་འགྱུར་ལྡོག་བྱུང་ནས་འབབ་འཕར་དང་ཁྱད་ལྡན་ཕྱུགས་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་ཡོད།
ཐོན་ལས་དང་ཉོ་ཚོང་གི་འཁོར་འབྲེལ་བཏོད་ནས།
ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་བསལ་བ།
ཐོན་ལས་འཁོར་འབྲེལ་གྱི་ཞན་ཆ་སྔར་བས་བསལ་བ་དང་རིན་ཐང་ཆེར་གཏོང་གི་བགྲོད་ལམ་གཏོད་ཆེད། འདི་ལོའི་ཟླ་3ཚེས་26ཉིན་སྣ་དཀར་རྩེ་རྫོང་གིས་ས་གྲོལ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་གསར་དུ་བཏོད་ནས། གསོ་མཁས་ལུག་བཤས་གཏོང་དང་། ལས་སྣོན་ཞིབ་ཚགས་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་པ་དེ་ས་གནས་དེ་གའི་འབྲོག་ལས་ཐོན་ལས་རིམ་སྤོར་གྱི་འགག་གནད་སྒྲོལ་སར་གྱུར་ཡོད། རྣམ་གྲངས་དེ་དངོས་སུ་སྤྱོད་འགོ་ཚུགས་རྗེས་ལོ་རེར་ལུག་ཁྲི་10བཤས་གཏོང་བ་དང་ལས་སྣོན་བྱེད་ཐུབ་པས། སྔོན་དཔག་བྱས་ན་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་2ཟིན་རྒྱུ་དང་རྒྱུན་དུ་ལས་གནས་བརྟན་པོ་30མཁོ་འདོན་ཐུབ་རྒྱུ་རེད།
སྲོལ་རྒྱུན་གྱི་རྩྭ་ཆུ་གང་བཟང་ལ་སྐྱས་སྤོ་བ་ནས་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ལེགས་བསྡུས་ཞིབ་གཉེར་གྱི་གསོ་ཚགས་བྱེད་པའི་བར་དང་། འབྲོག་པས་ཕྱུགས་རིགས་ཐར་ཐོར་ངང་ཕྱིར་ཚོང་བྱེད་པ་ནས་འཁོར་འབྲེལ་ཡོངས་སྤུས་འབྲས་ལེགས་གཉེར་གྱིས་རིན་ཐང་ཆེ་རུ་གཏོང་བའི་བར། གསོ་མཁས་ལུག་གི་ཐོན་ལས་རིམ་སྤོར་བྱུང་སྟེ་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཕྱོགས་སྒྱུར་རིམ་སྤོར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་རྐྱང་ཞིག་བརྩམས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།