དབུ་ཤོག>གསར་འགྱུར།>དམངས་འཚོ།
  • སྐྱེ་ཁམས་མཐའ་ཚད་སྲུང་། གཟན་རྩྭའི་ཐོན་ལས་དར།

    —— བོད་ལྗོངས་རྩྭ་ལས་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཡུས་ཁྲེང་ཆུན་གྱི་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-04

    འདི་ནི་ཡུས་ཁྲེང་ཆུན(དཀྱིལ)གྱིས་ཚོད་ལྟའི་ཞིང་ཁར་རྩྭ་ལས་ཚན་རྩལ་ན་གཞོན་ལས་དོན་པ་དང་གླེང་མོལ་བྱེད་བཞིན་ཡོད།

    འདི་ནི་ས་སྐྱ་རྫོང་གི་མང་ཚོགས་མི་ཐབས་རྩྭ་འདེབས་དོ་དམ་ལག་རྩལ་གྱི་ཚོད་ལྟའི་ཞིབ་འཇུག་ནང་ཞུགས་བཞིན་པ།

    འདི་ནི་ལས་དོན་པས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཀྱི་ཞིང་ནང་དུ་མ་རྨོས་ལོ་ཏོག་སྡོང་རྐང་གི་མཐོ་ཚད་འཇལ་བཞིན་པ།

    འདི་ནི་ལས་དོན་པས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སུ་མ་རྨོས་ལོ་ཏོག་བརྔ་བསྡུ་དང་། འཐག་པ། ཐུམ་སྒྲིལ་བཅས་གཞི་གཅིག་ཅན་གྱི་ལས་ཀ་བྱེད་བཞིན་པ།

    བོད་ཀྱི་རྩྭ་ལས་ནི་བོད་ཀྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་པོ་སྐྲུན་པ་དང་གྲོང་གསེབ་དར་རྒྱས་དང་མཐའ་བརྟན་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་རྨང་གཞིའི་ཐོན་ལས་ཤིག་རེད། བོད་ཀྱི་རྩྭ་ལས་ཚན་རིག་ཁྱབ་གདལ་སྔར་བས་ཡག་པོ་གཏོང་ཆེད། ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་ས་མཐོའི་རྩྭ་ལས་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཡུས་ཁྲེང་ཆུན་ལ་ཆེད་དོན་བཅར་འདྲི་བྱས་པ་ཡིན།

    དྲི་བ། 2023ལོའི་ཟླ་6པར་བོད་རང་སྐྱོང་ལྗོངས་ཚན་རིག་ལག་རྩལ་ཐིང་གིས《བོད་ཀྱི་སྐྱེ་ཁམས་ས་ཁམས་ཀྱི་ས་ཁོངས་མི་འདྲ་བའི་སྐྱེ་འཚམ་རྩྭ་རིགས་དང་དེ་བཞིན་འདེབས་གསོ་དོ་དམ་ལག་རྩལ་གྱི་ལག་དེབ》པར་འགྲེམས་བྱས་ནས། ཉེ་བའི་ལོ་ཤས་རིང་བོད་ཀྱི་རྩྭ་ལས་ཁྱབ་ཁོངས་ལ་ཐོབ་པའི་ཚན་རྩལ་གྲུབ་འབྲས་མངོན་པར་བྱས་ཡོད། ཁྱེད་ཀྱིས་འབྲེལ་ཡོད་ཚན་རྩལ་གྲུབ་འབྲས་སྐོར་ལ་ངོ་སྤྲོད་ཅིག་གནང་རོགས།

    དྲིས་ལན། ལག་དེབ་དེས་བོད་ཀྱི་རྩྭ་ལས་ཀྱི་ཆེད་དོན་རྣམ་གྲངས་གལ་ཆེན་རྨང་གཞིར་བྱས་ཏེ་ལོ་བཅུ་ལྷག་ཙམ་རིང་བསྟུད་མར་ངེས་གནས་ཚོད་ལྟ་དང་། སོན་རྒྱུ་གདེང་འཇོག ས་ཁོངས་དཔེ་སྟོན་བཅས་ཀྱི་གྲངས་གཞི་ཕྱོགས་བསྒྲིགས་བྱས་པ་ཞིག་ཡིན་པ་དང་། བོད་ཀྱི་རྩྭ་ལས་ཀྱི་ལོ་མང་རིང་གི་ཚན་ཞིབ་གྲུབ་འབྲས་རྒྱུད་རིམ་ལྡན་པའི་ངང་ཕྱོགས་བསྡུས་བྱས་ཏེ་བོད་ཀྱི་སྐྱེ་ཁམས་ས་ཁམས་མི་འདྲ་བར་གཞིགས་ནས། སྐྱེ་འཚམ་རྩྭ་རིགས་ཀྱི་གསལ་ཐོ་དང་། སྣ་ཁའི་ཁྱད་ཆོས། འདེབས་གསོ་བདག་སྐྱོང་གི་ལག་རྩལ། སྤྱོད་གོ་ཆོད་པའི་ས་ཆ་བཅས་བཏོན་པ་མ་ཟད། དེ་སྔའི་མི་ཐབས་རྩྭ་འདེབས་ཀྱི་སྣ་ཁ་འདེམས་པ་དང་ས་ཁོངས་ཀྱི་འོས་འཚམ་རང་བཞིན་མཐོ་རུ་གཏོང་དགོས་པའི་དགོས་མཁོ་དངོས་ལ་དམིགས་ཏེ། ཚན་རིག་དང་མཐུན་པའི་སོན་འདེམས་དང་། ཁུལ་དབྱེ་འདེབས་འཛུགས། ཞན་འགྱུར་གྱི་མཐོ་གྲང་རྩྭ་སའི་སྐྱེ་ཁམས་སླར་གསོ་བཅས་ལ་ཚད་ལྡན་ཅན་གྱི་ལག་རྩལ་མཛུབ་ཁྲིད་བྱས་ཡོད།

    ལྗོངས་ཡོངས་སུ་ཁྱབ་གདལ་གཏོང་ཆོག་པའི་རྩྭ་རིགས་59གདམ་གསེས་གཏན་འཁེལ་བྱས་པ་དེ་དག་སྙེ་མ་ཅན་གྱི་རིགས་དང་། སྲན་རིགས། གཟན་སྤྱོད་འབྲུ་རིགས་སོགས་རིགས་ཆེན་པོར་ཁྱབ་ཅིང་། དེའི་ནང་རི་སྐྱེས་ཕྱུགས་རྩྭའི་རིགས་13སྔོན་ལ་མཐོ་གྲང་རྩྭ་སའི་སྐྱེ་ཁམས་སླར་གསོ་བྱ་རྒྱུར་སྤྱོད་པ་དང་། གཞན་ཡང་སྤུས་ལེགས་སྣ་ཁ་གསར་པ་10ལྷག་ཙམ་ས་ཁོངས་སུ་ཚོད་ལྟ་བྱས་ནས་སྣ་ཁ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་རེ་ཞུ་བྱ་རྩིས་ཡོད།

    ས་བབ་སྨི་4600མན་གྱི་ས་ཁོངས་སུ་མི་ཐབས་རྩྭ་འདེབས་ཀྱི་བྱང་ཆུབ་ལ་ལེ་ལག་ཚང་བའི་ལག་རྩལ་མ་ལག་འཛུགས་སྐྱོང་བྱས་ཏེ། སྙེ་འཕྱང་བུལ་རྩྭ་དང་། སྲན་མ། གྲོ་ནག་སོགས་གཟན་རྩྭ་གཙོ་འདེབས་བྱེད་པའི་ས་གནས་ཀྱི་ལག་རྩལ་སྒྲིག་སྲོལ་དེ་དག་ས་ཁོད་སྙོམས་པ་དང་། ཆར་དུས་ཀྱི་སྐར་ཁུང་དུས་རིམ་གྱི་ཞིབ་འདེབས་དང་། བསྲེ་འདེབས་བསྡུར་བ། ཆུ་ལུད་གཡོག་བྱེད། ལྗང་མྱུག་བདག་སྐྱོང་། སོག་ཤུལ་གཅོད་པ། དགུན་སྒྲོལ་བདག་སྐྱོང་། ས་བོན་གསོ་སྤེལ་བཅས་ཀྱི་འཁོར་འབྲེལ་ཧྲིལ་པོའི་ཚད་གཞིར་ཁྱབ་ཡོད།

    ས་མཐོའི་གཟན་རྩྭ་གསོག་ཉར་དང་འཚོ་བཅུད་རྒྱུན་འཁྱོངས་ཐད་ཀྱི་དགོས་མཁོ་དངོས་ལ་དམིགས་ཏེ་གཟན་རྩྭ་ལས་སྣོན་ལག་རྩལ་འགག་སྒྲོལ་བྱས་ཡོད།

    དྲི་བ། མིག་སྔར་བོད་ཀྱི་རྩྭ་ལས་འཕེལ་རྒྱས་ལ་ད་དུང་གནད་དོན་གང་དག་འཕྲད་ཡོད་དམ། ཇི་ལྟར་སེལ་དགོས།

    དྲིས་ལན། (གཅིག)མིག་སྔར་འཕྲད་པའི་འགལ་བ་དང་དཀའ་གནད།

    བོད་ཀྱི་རྩྭ་ལས་འཕེལ་རྒྱས་ལ་ས་མཐོའི་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ལྡན་ཞིང་། མཐོ་གྲང་གི་རང་བྱུང་ཆ་རྐྱེན་དང་། སྐྱེ་ཁམས་སྲུང་སྐྱོང་གི་བླང་བྱ། དེ་བཞིན་ཐོན་ལས་འཕེལ་རྒྱས་ཀྱི་དུས་མཚམས་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པས། མིག་སྔར་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་དང་། རྩྭ་ཕྱུགས་ཐོན་ཁུངས་ཀྱི་བར་མཐོངས་བཀོད་སྒྲིག་ལེགས་སྒྱུར། རྣམ་གྲངས་འཛུགས་སྐྲུན་དང་ཡུན་རིང་བདག་སྐྱོང་འབྲེལ་མཐུད། ཚན་རྩལ་གསར་གཏོད་དང་གྲུབ་འབྲས་གཞན་སྒྱུར་མཐུན་སྦྱོར་སོགས་དེ་བས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཚང་དུ་གཏོང་བའི་བར་མཐོངས་སྔར་བཞིན་ལྡན་ཡོད།

    (གཉིས)ཐག་གཅོད་ཀྱི་ཐབས་ལམ།

    གདོད་མའི་མཐོ་གྲང་སྤང་ལྗོངས་གསར་སྦོལ་གཏན་འགོག་མཐའ་འཁྱོངས་བྱས་ཏེ་མི་ཐབས་རྩྭ་འདེབས་ཐད་ས་རྒོད་དང་། བྱེ་འགྱུར་ས་ཆ། ཐོན་འབབ་དམའ་བའི་ས་ཞིང་བཅས་ཁོ་ན་སྤྱོད་དགོས། “གཞི་ཁྱོན་ཆུང་ཞིང་ཐོན་འབབ་མཐོ་བའི་མིས་བཟོས་རྩྭ་ས་ཡིས་གཞི་ཁྱོན་ཆེ་བའི་རང་བྱུང་རྩྭ་ཐང་སྲུང་སྐྱོང”གི་བསམ་ཕྱོགས་བརྩི་སྲུང་བྱེད་པ་ལས། ས་ཁོངས་ཡོངས་སུ་གཞི་ཁྱོན་ཆེན་པོས་རྒྱ་སྐྱེད་ཁོ་ན་གཏོང་རྒྱུ་མེད།

    ཕྱུགས་རྩྭའི་སྣ་ཁ་འདེམས་གསོ་བྱེད་པའི་ཆེད་དོན་རྣམ་གྲངས་གལ་ཆེན་རྒྱུན་མཐུད་ངང་ལག་བསྟར་བྱེད་པ་དང་། ཡུལ་ཕྱོགས་ཀྱི་སོན་རྒྱུའི་ཐོན་ཁུངས་འཚོལ་བསྡུ་དང་། གསལ་འབྱེད། ཉར་ཚགས་བཅས་རྒྱུན་མཐུད་ངང་བྱེད་པ། ལྡོག་འགོག་སོན་རྒྱུའི་ཐོན་ཁུངས་སྔོག་འདོན་དང་རྗེས་གྲབས་སྣ་ཁའི་ཐོན་ཁུངས་གསོག་འཇོག་བཅས་བྱེད་དགོས།

    རྣམ་གྲངས་ཀྱི་མ་དངུལ་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་དུས་མཇུག་གི་བདག་སྐྱོང་དང་། གསབ་འདེབས། རྩྭ་སའི་སྤུས་ཚད་ལེགས་སུ་གཏོང་བ་བཅས་ཀྱི་མ་དངུལ་གྱི་བསྡུར་ཚད་མང་དུ་བཏང་ནས་མིས་བཟོས་རྩྭ་སའི་སྐྱེ་ཡུན་ཧྲིལ་པོའི་བདག་སྐྱོང་གི་ལམ་སྲོལ་འཛུགས་པ་དང་། ལོ་མང་སྐྱེ་བའི་རྩྭ་ས་ཉམས་རྒུད་དུ་འགྲོ་བའི་ཉེན་བརྡ་གཏོང་བ་དང་། ཨ་བྲ་དང་འཕྱི་བའི་གནོད་འཚེ་སྔོན་འགོག་ཚོད་འཛིན། འཁྱགས་གནོད་འགོག་སྲུང་བཅས་རྒྱུན་རྣམ་ཅན་གྱི་བདག་སྐྱོང་ནང་འཇུག་དགོས།

    གཟན་རྩྭའི་ཐོན་རྫས་རིམ་སྤོར་ཡོང་བར་སྐུལ་འདེད་བཏང་ནས་ས་མཐོའི་སྔོ་གཟན་སྙོལ་བ་དང་། རྩྭ་རྡོག་ཆུང་སྒྲིལ། གཟན་རྩྭའི་རིལ་བུ་སོགས་གསོག་ཉར་ཐུབ་པའི་ཐོན་རྫས་འཕེལ་རྒྱས་བཏང་སྟེ་གསོག་ཉར་གྱི་ཟད་གྲོན་ཆུང་དུ་གཏོང་བ་དང་། གཟན་རྩྭའི་སྤུས་ཚད་རིམ་དབྱེ་དང་། ཞིབ་དཔྱད་ཚད་ལེན། ཁུངས་འདེད་བཅས་ཀྱི་མ་ལག་འཛུགས་དགོས།

    གཞི་རིམ་གྱི་རྩྭ་ལས་ལག་རྩལ་ཁྱབ་གདལ་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་སྤེལ་ནས་སོན་བཟང་དང་ཐབས་བཟང་ཞིང་ནང་དང་མཚེར་སར་ཁྱབ་གདལ་གཏོང་བ་དང་། ཚན་ཞིབ་མི་སྣས་གཞི་རིམ་དུ་ཡུག་ཁུལ་འགན་གཙང་ལེན་པ་དང་ལག་རྩལ་མཛུབ་ཁྲིད་པའི་གནས་སྡོད་ཞབས་ཞུའི་ལམ་སྲོལ་བཙུགས་ནས་གྲུབ་འབྲས་གཞན་སྒྱུར་གྱི“མཐའ་མའི་འགག་གནད”སེལ་དགོས།

    རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའ་དང་། གཟན་རྩྭའི་རྟེན་གཞིའི་ཁ་གསབ། སོན་བཟང་ཁ་གསབ་སོགས་ཀྱི་སྲིད་ཇུས་མཉམ་འགུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་སྲུང་སྐྱོང་གི་ཁེ་འབབ་དང་། རྩྭ་འདེབས་ཀྱི་ཁེ་འབབ། འབྲོག་ལས་ཀྱི་ཁེ་འབབ་བཅས་ལ་སྤྱི་འདོམས་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱི་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་མ་གནས་དམའ་རུ་དང་ཕྱོགས་སྒྱུར་འཕེལ་རྒྱས་ཀྱི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་ཆོག་པའི་རང་བཞིན་ཆེ་རུ་བཏང་ནས། རྩྭ་ཕྱུགས་དོ་སྙོམས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།

    དྲི་བ། མཚོ་བོད་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་སྲུང་སྐྱོང་སླར་གསོའི་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་གཙོ་གནད་ཚོད་ལྟ་ཁང་དེ་2026ལོའི་ཟླ་5ཚེས་13ཉིན་ཁྲེང་ཏུའུ་གྲོང་ཁྱེར་དུ་དངོས་སུ་སྒོ་བྱང་བཀལ་ནས་སྤྱོད་འགོ་ཚུགས་པ་དང་། དེ་ནི་སི་ཁྲོན་ཞིང་ཆེན་རྩྭ་ཐང་ཚན་རིག་ཞིབ་འཇུག་ཁང་དང་བོད་ལྗོངས་ཞིང་འབྲོག་སློབ་ཆེན་གྱིས་མཉམ་དུ་བཙུགས་པའི་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས་ཤིག་རེད། ལས་སྟེགས་དེས་བོད་ཀྱི་རྩྭ་ལས་འཕེལ་རྒྱས་ལ་ནུས་པ་གང་ཞིག་ཐོན་རྒྱུ་ཡིན་ནམ།

    དྲིས་ལན། ལས་སྟེགས་དེ་ནི་རྒྱལ་ནང་གི་མཚོ་བོད་ས་མཐོའི་མཐོ་གྲང་རྩྭ་སར་ཆེད་མངགས་ཕྱོགས་པའི་རྒྱལ་ཁབ་རིམ་པའི་ཚན་ཞིབ་ལས་སྟེགས་ཤིག་རེད། ལས་སྟེགས་དེས་ལྗོངས་ནང་ཁུལ་གྱི་བོད་ལྗོངས་རྩྭ་ལས་ལག་རྩལ་གསར་གཏོད་ལྟེ་གནས(ཀྲུང་གོ་ཚན་རིག་ཁང་ས་ཁམས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་སུའོ)དང་བོད་ལྗོངས་ཞིང་འབྲོག་ཚན་རིག་ཁང་རྩྭ་ལས་ཞིབ་འཇུག་སུའོ་སོགས་ཚན་ཞིབ་ལས་སྟེགས་དང་མཉམ་འབྲེལ་བྱས་ཏེ་སྐྱེ་ཁམས་སྲུང་བཅད་འཛུགས་སྐྲུན་དང་། འབྲོག་ཁུལ་དང་གྲོང་གསེབ་དར་རྒྱས། མཐའ་མཚམས་བརྟན་ལྷིང་བཅས་འཐབ་ཇུས་ཀྱི་དགོས་མཁོ་ཆེན་པོ་གསུམ་ལ་དམ་པོར་དམིགས་ཏེ་སོན་རྒྱུ་གསར་གཏོད་དང་། ལག་རྩལ་འགག་སྒྲོལ། ལྟ་ཞིབ་ཚད་ལེན་མ་ལག གྲུབ་འབྲས་གཞན་སྒྱུར། ཤེས་ལྡན་པའི་རིག་མཛོད་སོགས་ཕྱོགས་མང་པོའི་ཐད་ནས་བོད་ཀྱི་སྐྱེ་ཁམས་དང་ཐོན་ལས་ཟུང་འབྲེལ་གྱི་རྩྭ་ལས་རྣམ་པ་གསར་པར་ཚན་རྩལ་གྱི་སྒུལ་ཤུགས་མཁོ་འདོན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།