ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས་ཀྱི་ནང་དོན་གཙོ་བོ་ཤེས་པར་བྱེད།
★ ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་བྱས་པ།
ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་གི་དགོངས་དོན་དོན་འཁྱོལ་ནན་ཏན་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་པར་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་པར་མཐུན་སྦྱོར་སྐུལ་འདེད་གཏོང་བ། རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། སྤྱི་ཚོགས་རིང་ལུགས་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། དྲིལ་བསྒྲགས་དང་བསམ་བློ་རིག་གནས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཤང་ཀང་དང་ཨའོ་མོན་གྱི་ལས་དོན་དང་ཐའེ་དབན་གྱི་ལས་དོན་ཡག་པོ་སྒྲུབ་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཡག་པོ་བསྡུ་བ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པ་བཅས་བྱས་པས། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཐོན་ཡོད། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་སྤེལ་བ་དང་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཏེ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་མཐུན་སྒྲིལ་འབད་འབུངས་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་ཡོད།
★ ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ལོ་ངོ་100ལྷག་ཙམ་རིང་གི་འབད་འཐབ་འཕེལ་རིམ་ལ་ཕྱིར་དྲན་བྱས་པ།
ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་ཐུབ་དོན་ནི། གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་ཡིད་ལ་འཆང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེར་དམིགས་ནས། ཀྲུང་གོའི་མི་དམངས་ལ་བདེ་སྐྱིད་དོན་གཉེར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་ཡོང་བ་མཐའ་འཁྱོངས་བྱས་པ་དང་། ལོ་རྒྱུས་ཀྱི་དུས་མཚམས་ཁག་ཚང་མའི་ནང་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་པ། བདེན་དོན་མཐའ་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ། རང་ངོས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་སྟོབས་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ནས། ཏང་དང་མི་དམངས་ཀྱི་བྱ་གཞག་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་ཀྱི་སྲོག་ཤིང་ལ་གྱུར་པའི་རྐྱེན་གྱིས་རེད། གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་ཁྲོད་སྔ་རྗེས་སུ་ཏང་འཛུགས་སྐྱོང་དེ་འདུ་འགོད་རླབས་པོ་ཆེ་དང་འདུ་འགོད་རླབས་པོ་ཆེ་གསར་པར་བརྩིས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་འདུ་འགོད་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏིང་ཟབ་བཏང་བས། “མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་པ”དང“རང་ངོས་གསར་བརྗེ”ཡི་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་དུས་འཁོར་ལས་ཐར་བར་བྱེད་པའི་དྲིས་ལན་གཉིས་རྙེད་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཐུན་མིན་གསར་གཏོད་ཅིག་ཡིན་པས་མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་སྐྱོང་གི་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་འཁོད་ངེས་རེད།
འབྲེལ་ཡོད་གསར་འགྱུར།