དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཨོ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-04

    2026ལོའི་ཟླ་11ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨོ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ།

    འདི་ནི་གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧའེ་སའེ་མུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ།

    ཟླ་11ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་ཨོ་མན་གྱི་སུའུ་ཏན་ཧའེ་སའེ་མུའུ་དང་གྲོས་མོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཨོ་མན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། མཛའ་གྲོགས་ཟབ་ལ་རྨང་གཞི་བརྟན་པ་དང་མདུན་ལམ་རྒྱ་ཆེན་པོ་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་ལ་བརྟེན་ནས་འབྲེལ་ལམ་འཛུགས་པ་དང་། ཕན་ཚུན་ལྷག་བསམ་རྣམ་དག ཕན་ཚུན་གུས་བཀུར། དྲང་བདེན་མཉམ་སྐྱོད་བཅས་ཀྱི་ཐོག་ནས་ལོ་ངོ་སྟོང་གི་རིང་རྒྱུན་མཐུད་པའི་ཀྲུང་གོ་དང་ཨོ་མན་གྱི་མཛའ་གྲོགས་རྒྱུན་རིང་ལ་སྲ་ཞིང་བརྟན་པ་ཞིག་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཉིན་རེ་བཞིན་བརྟན་དུ་ཕྱིན་པ་དང་། གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ། སྲོལ་རྒྱུན་མཛའ་མཐུན་མི་སེམས་ལ་གཏིང་ཟབ་ཟུག་ཡོད། ཀྲུང་ཨོའི་འབྲེལ་བ་རྒྱ་སྐྱེད་དང་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕྱོགས་གཉིས་པོའི་ཐུན་མོང་གི་འཐབ་ཇུས་ཀྱི་གདམ་ག་ཞིག་ཡིན་ཞིང་། དེ་ནི་དུས་རབས་ཀྱི་རླབས་རྒྱུན་དང་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་ལ། རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རེ་སྒུག་དང་ཡང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨོ་མན་ཕྱོགས་དང་མཉམ་དུ་ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་སྔར་ལས་མང་བ་བསྐྲུན་ཏེ་ས་ཁུལ་གྱི་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་འཚམས་འདྲི་ནི་ཀྲུང་གོ་དང་ཨོ་མན་རྒྱལ་ཁབ་དབར་ཕྱི་འབྲེལ་བཙུགས་ནས་ལོ་48སོང་རིང་ཨོ་མན་རྒྱལ་ཁབ་ཀྱི་གཙོ་བདག་གིས་ཀྲུང་གོར་འཚམས་འདྲི་བྱེད་ཐེངས་དང་པོ་ཡིན། ད་ཐེངས་ཀྱི་གྲོས་མོལ་དེ་ཀྲུང་གོ་དང་ཨོ་མན་རྒྱལ་ཁབ་ཀྱི་འབྲེལ་བའི་ལོ་རྒྱུས་ཐོག་གི་དོན་ཆེན་ཞིག་ཏུ་གྱུར་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་དང་ཨོ་མན་གྱིས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཨོའི་འབྲེལ་བའི་འཐབ་ཇུས་ཀྱི་རྨང་གཞི་སྔར་བས་བརྟན་དུ་གཏོང་དགོས། ཨོ་མན་གྱིས་རྒྱལ་ཁབ་ཀྱི་རང་བཙན་དང་། བདག་དབང་། བདེ་འཇགས། བརྟན་ལྷིང་བཅས་སྲུང་སྐྱོང་བྱེད་པ་དང་། རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བརྟེན་འཚོལ་ཞིབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཨོ་མན་ཕྱོགས་དང་མུ་མཐུད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་པོས་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་ལས་ཨོ་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་གོ་སྐབས་དེ་བས་ཆེ་བ་ཐོབ་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨོ་མན་ཕྱོགས་དང་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་གཏིང་ཟབ་ཏུ་བཏང་ནས་བརྟན་ལ་བློས་འགེལ་ཆོག་པའི་ནུས་རྒྱུའི་མཉམ་ལས་རོགས་ཟླ་དང་། མི་མངོན་པའི་སྟོབས་ཤུགས་ལྡན་པའི་མ་འཇོག་མཉམ་ལས་རོགས་ཟླ།མཐུན་སྦྱོར་གསར་གཏོད་ཀྱི་ལག་རྩལ་མཐོ་བའི་མཉམ་ལས་རོགས་ཟླ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་ནུས་རྒྱུའི་མཉམ་ལས་དེ་བས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཐོག ཐོན་ལས་དང་། མ་འཇོག མི་ཐབས་རིག་ནུས། ཚན་རྩལ་དང་མི་ཆོས་རིག་གནས་སྤེལ་རེས་བཅས་ལ་ཤུགས་སྣོན་བརྒྱབ་ནས་རང་རང་སོ་སོའི་འཕེལ་རྒྱས་དར་རྒྱས་དང་དེང་རབས་ཅན་མངོན་འགྱུར་བྱེད་པའི་ལམ་བུར་མཉམ་དུ་སྐྱོད་འདོད་ཡོད། ཕྱོགས་གཉིས་པོས་སྲོལ་རྒྱུན་མཛའ་གྲོགས་ཀྱི་རྒྱུན་མཐུད་པ་དང་། དམངས་སེམས་འབྲེལ་ཐག་དམ་དུ་གཏོང་བ། སློབ་གསོ་དང་། ཡུལ་སྐོར། འཕྲོད་བསྟེན། གསར་འགྱུར། ལུས་རྩལ་སོགས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་རྒྱ་ཆེར་གཏོང་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མགྱོགས་སུ་ཕྱིན་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། འཛམ་གླིང་དབུས་ཤར་མཚོ་ཁུག་ས་ཁུལ་དེ་རྒྱལ་ཁབ་ཆེན་པོའི་འཐབ་འགྲན་དང་ས་འབྲེལ་གདོང་ཐུག་གི་འཐབ་སར་འགྱུར་མི་རུང་། ཕྱོགས་ཁག་གིས་ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམག་འཐབ་མཚམས་འཇོག་དང་ཞི་བདེར་སྐུལ་འདེད་གཏོང་བར་ཧུར་ཐག་གཞོལ་ནས་ས་ཁུལ་བདེ་འཇགས་ཀྱི་དཀའ་གནད་སེལ་རྒྱུར་བློ་གྲོས་དང་ཇུས་གཞི་འདོན་ཐུབ་པའི་རེ་བ་ཡོད། ང་ཚོས་ཆབ་སྲིད་ཀྱི་ཕྱི་འབྲེལ་ཐབས་ལམ་བརྒྱུད་རྩོད་གཞི་སེལ་རྒྱུ་མུ་མཐུད་དར་སྤེལ་བཏང་ནས་ས་ཁུལ་དང་རྒྱལ་ཁབ་དབར་ལ་ཁྱིམ་མཚེས་དང་། འཕེལ་རྒྱས། བདེ་འཇགས། མཉམ་ལས་བཅས་ཀྱི་ཐུན་མོང་ཁྱིམ་གཞིས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨོ་མན་ཚུད་པའི་ཨ་རབ་རྒྱལ་ཁབ་དང་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ལྷན་རྒྱལ་ཁབ་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་སྔ་ཙམ་སླར་གསོ་ཐུབ་པ་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་བརྩོན་བྱེད་འདོད་ཡོད།

    ཧའེ་སའེ་མུའུ་ཡིས་གསུངས་དོན། མཛའ་གྲོགས་ལྡན་པའི་རླབས་ཆེན་གྱི་ཀྲུང་གོར་འཚམས་འདྲིར་སླེབས་པར་ཧ་ཅང་དགའ་པོ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཀྲུང་གོ་འདི་ཉིད་འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར་གྱི་རྒྱལ་ཁབ་ཆེན་པོར་གྱུར་ནས་འཛམ་གླིང་གི་དར་རྒྱས་བརྟན་ལྷིང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཨོ་མན་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་གྲོགས་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱེད་ཀྱི་ཡོད། ཨོ་མན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་ཀྱི་ཡིན། ད་ཐེངས་ཀྱི་འཚམས་འདྲི་འགོ་འཛུགས་ས་གསར་པར་བརྩིས་ནས་མཉམ་ལས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ཐབས་བྱས་ཐོག་འབྱུང་འགྱུར་ལ་ཕྱོགས་པའི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ནི་ལོ་མང་རིང་ཨོ་མན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དེ་ཡིན་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་ཨོ་མན་ལ་མ་འཇོག་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་བས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་འབྲེལ་བ་དེ་བས་འཐུས་ཚང་དང་སྣ་མང་དུ་གྱུར་ཡོད། ཨོ་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱས་ཏེ་ཚོང་དོན་དང་། མ་འཇོག བཟོ་ལས། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། མི་ཐབས་རིག་ནུས། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པར་མེད་དུ་མི་རུང་བའི་འགོ་ཁྲིད་ཀྱི་ནུས་པ་འདོན་བཞིན་ཡོད། ཨོ་མན་ཕྱོགས་ཀྱིས་འཛམ་གླིང་དབུས་ཤར་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་གཞུང་དྲང་ལངས་ཕྱོགས་ལ་ཚད་མཐོའི་བསྔགས་བརྗོད་བྱེད་ཀྱི་ཡོད་ལ། ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་བྱེད་ཟབ་ཏུ་གཏོང་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་སྲུང་སྐྱོང་བྱས་ཏེ། ཞི་བའི་ཐབས་ལ་བརྟེན་ནས་མི་མཐུན་ས་ཐག་གཅོད་མཐའ་འཁྱོངས་ཀྱིས་ས་ཁུལ་དང་འཛམ་གླིང་གི་བདེ་འཇགས་བརྟན་ལྷིང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

    གྲོས་མོལ་མཇུག་འགྲིལ་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་འབྲེལ་དང་། ལྗང་མདོག་འཕེལ་རྒྱས། གྲངས་འཛིན་དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་པར་ལྷན་དུ་དཔང་པོ་གནང་བ་རེད།

    འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས《ཀྲུང་ཨོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཨོ་མན་སུའུ་ཏན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

    གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཧའེ་སའེ་མུའུ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་གནང་བ་རེད།

    ཧའེ་སའེ་མུའུ་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་རུ་སྟར་བསྒྲིགས་ནས་གུས་འདུད་ཞུས་ཤིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་དམག་གཟིགས་སྟེགས་བུར་ཕེབས་པ་དང་སྦྲགས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་ཨོ་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཧའེ་སའེ་མུའུ་ཡིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིགས་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་ཞིབ་གནང་བ་རེད།

    ཉིན་དེའི་ཉིན་དགུང་། ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཧའེ་སའེ་མུའུ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།