དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • མི་ཐབས་སྙི་བ་བཏབ། འབབ་འཕར་ཐབས་ལམ་རྙེད།

    ——འཇོ་མདའ་རྫོང་གིས་མི་ཐབས་ལ་བརྟེན་ནས་སྙི་བ་འདེབས་འཛུགས་བྱས་པའི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-03

    སྟོན་དུས་ཀྱི་འཇོ་མདའ་ནམ་མཁའ་གཡའ་དག་ཅིང་། ས་བབ་སྨི་3000ལྷག་ཙམ་གྱི་འཇོ་མདའ་རྫོང་རྨིག་མདའ་གྲོང་ཚོའི་སྙི་བ་འདེབས་འཛུགས་རྟེན་གཞིར་ཡུལ་མི་བཀྲ་ཤིས་རྒྱལ་མཚན་གྱིས་དྲོད་ཁང་ཆེན་མོའི་སྒོ་ཡོལ་ཕྱེ་ནས་སི་ཁྲོན་གྱི་སྙི་བའི་མྱུ་གུ་འབུད་ཚུལ་ལ་ཞིབ་ཚགས་པོས་ལྟ་བཞིན་ཡོད། “དེ་སྔ་རི་སྟེང་དུ་རི་སྐྱེས་སྙི་བ་འཐུ་སྐབས་རླུང་རྟ་ཡོད་མེད་ལ་རག་ལུས་ཡོད། ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་བཏབ་ཆོག་པ་དང་། ས་ཞིང་བོགས་མར་བཏང་ནས་བོགས་དངུལ་ལེན་རྒྱུ་ཡོད་ལ། གླ་པར་བསྐྱོད་དེ་གླ་ཆའང་ལེན་རྒྱུ་ཡོད་པས། བློ་ཧ་ཅང་བདེ་པོ་འདུག”ཅེས་པའི་ཁོང་གི་སྐད་ཆ་ལས་འཇོ་མདའ་རྫོང་གིས་སྙི་བའི་ཐོན་ལས་འཕེལ་རྒྱས་བཏང་བ་ལས་ཞིང་འབྲོག་པའི་འཚོ་བར་འགྱུར་ལྡོག་ཕྱིན་པ་མཚོན་ཐུབ།

    2023ལོར་འཇོ་མདའ་རྫོང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཐེན་ཆོན་སྙི་བ་ཚན་རྩལ་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས་ཨོམ་འབའ་གྲོང་ཚོར་སྙི་བ་ཚོད་འདེབས་བྱེད་འགོ་ཚུགས། 2025ལོའི་ལོ་མཇུག་ཏུ་བོད་ལྗོངས་རྨིག་མདའ་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་ནས་ས་རྒྱ་མུའུ་70དང་དྲོད་ཁང་ཆེན་མོ་56ཡོད་པའི་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞི་བསྐྲུན་ཡོད།

    རྟེན་གཞིས་ཁེ་ལས་དང་། ཏང་ཀྲི་པུའུ། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ཁྱབ་གདལ་བཏང་ཞིང་། ཀུང་སིས་སོན་བཟང་མཁོ་སྤྲོད་དང་། ལག་རྩལ་མཛུབ་ཁྲིད། མ་གོང་ཉོ་སྒྲུབ་བཅས་བྱེད་འགན་འཁུར་བ་དང་། གྲོང་ཚོའི་ཏང་ཀྲི་པུས་ས་ཞིང་བརྒྱུད་བཤུག་དང་ལས་མི་བཀོད་སྒྲིག་ལ་མཐུན་སྦྱོར་བྱེད་པ། ཞིང་དུད་ཀྱིས་ས་ཞིང་དང་ངལ་ནུས་མཁོ་འདོན་བཅས་བྱས་ཡོད།

    རྨིག་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལི་ཧྲའོ་ཧྥེ་ཡིས་རྩིས་རྒྱག་གིན། ས་ཞིང་བརྒྱུད་བཤུག་བཏང་བར་ཡུལ་མི་བྲག་དཀར་ལ་ལོ་གཅིག་ལ་བོགས་དངུལ་སྒོར་8000ལེན་རྒྱུ་ཡོད་པ་དང་། ས་གནས་དེ་གའི་མང་ཚོགས་རྟེན་གཞིར་གླ་པར་བསྐྱོད་ཚེ་ཉིན་རེར་གླ་ཆ་སྒོར་200ལེན་རྒྱུ་ཡོད་པ། ལྕི་བ་བཙོངས་ཚེ་ཁེ་ལས་ཀྱིས་མི་སེར་གྱི་ལྕི་བ་རྩྭ་རས་གང་ལ་སྒོར་13ནས་15བར་སྤྲད་དེ་ཉོ་གི་ཡོད་ཅེས་བཤད།

    ཁོང་གིས“རྣམ་གྲངས་ཀྱིས་གྲོང་ཚོ་ཡོངས་ཀྱི་དུད་ཚང་92ཀྱི་ཡུལ་མི་471ལ་ཁྱབ་འགྱེད་སྐུལ་ཁྲིད་ཐུབ་པ་དང་། སྔོན་དཔག་བྱས་ན་ལོ་ལྟར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་དང་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་60ལྷག་ཙམ་གཏོད་རོགས་བྱས་ཡོད་པས། མི་སེར་གྱི་འཚོ་བ་ཉིན་རེ་ལས་མ་འདས་པར་ལེགས་སུ་འགྲོ་བཞིན་ཡོད”ཅེས་བཤད།

    ཐོན་ལས་ཀྱིས་སྐུལ་ཁྲིད་ཐུབ་པ་ནི་ཡོང་འབབ་ཁོ་ན་མིན་པར་ད་དུང་ཞིང་འབྲོག་པའི་བསམ་བློར་ཡང་འགྱུར་ལྡོག་སོང་བ་དེ་ཡིན།

    ཡུལ་མི་བཀྲ་ཤིས་རྒྱལ་མཚན་ཡང“གནམ་ཆུ་བསྒུགས་ནས་སྡོད་པའི”ཞིང་པ་ཅིག་ནས་གླ་ཆ་ལེན་མཁན་གྱི་ལག་རྩལ་པར་གྱུར་ཡོད་ཅིང་། ཁོང་གིས་ཀུང་སིས་མངགས་པའི་འགན་འཁུར་བ་དང་ལག་རྩལ་པ་གཅིག་ལྕོགས་ཀྲང་ཧུའེ་ཡི་ས་ནས་ནད་འབུའི་གནོད་འཚེ་འགོག་བཅོས་དང་དྲོད་ཚད་དང་བཞའ་ཚན་དོ་དམ་ཐད་ཀྱི་ཤེས་བྱ་སྦྱངས་ཡོད། ཀྲང་ཧུའེ་ཡིས“ང་ཚོས་ནམ་ཡང་གནས་ཐུབ་པའི་ས་གནས་དེ་གའི་རིགས་གཅིག་མཁས་ཅན་ཁག་གཅིག་གསོ་སྐྱོང་བྱེད་ཀྱི་ཡིན”ཞེས་བཤད།

    ད་ལོའི་ཟླ་4པར། སྤོ་ལོ་ཤང་དང་། འདན་ཁོག་ཤང་། གཏེར་སྟོན་ཤང་བཅས་ཀྱིས་མཉམ་དུ་ཚོད་འདེབས་བྱས་པར་མིག་སྔར་སྐྱེ་འཚར་ཡག་པོ་བྱུང་ཡོད། 2027ལོར་འཇོ་མདའ་རྫོང་གིས་འདེབས་འཛུགས་གཞི་ཁྱོན་མུའུ་200ལྷག་ཙམ་བར་ཆེ་རུ་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་600རྟེན་གཞིའི་ཚད་རིམ་གཉིས་སྤར་ལ་བཏང་ནས་སོན་བཟང་གསོ་སྤེལ་དང་། ལག་རྩལ་གསོ་སྦྱོང་། ཐོན་རྫས་ཚུར་བསྡུ། ཐོག་མའི་ལས་སྣོན་དང་ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་སྟོན་རྟེན་གཞི་བསྐྲུན་རྒྱུ་མ་ཟད། རྫོང་ཡོངས་ཀྱི་ཆ་རྐྱེན་ལྡན་པའི་ཤང་དང་གྲོང་རྡལ་ལའང་སྒོ་རའི་ནང་འདེབས་འཛུགས་བྱེད་པའི་ཁྱབ་གདལ་བཏང་ཡོད།

    “སྔོག་འཐུ”ནས“འདེབས་འཛུཌ”བར་ནི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཧྲིལ་པོའི་འགྱུར་ལྡོག་ཅིག་རེད། མི་ཐབས་ལ་བརྟེན་ནས་འདེབས་འཛུགས་བྱས་པ་ཡིས་ཞིང་འབྲོག་པ་འབབ་ཁུངས་རང་བྱུང་ཁམས་ལ་བརྟེན་མཁན་ཞིག་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ཀྱི་གཙོ་ཤུགས་དམག་ཏུ་གྱུར་ཡོད། “མི་ཐབས་སྙི་བ་བཏབ་པས་ང་ཚོའི་ཡོང་འབབ་འཕར་སོང”ཞེས་བཀྲ་ཤིས་རྒྱལ་མཚན་གྱིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།