དབུ་ཤོག
  • མ་འོངས་ཆུ་ཚོད་12རིང་ས་ཆ་འདི་དག་ལ་གངས་དྲག་པོ་འབབ་རྒྱུ་རེད་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2026-11-02

    ཟླ་10ཚེས་30ཉིན་གྱི་ཆུ་ཚོད་16དང་སྐར་མ་20ལ་གཞིས་རྩེ་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གངས་འུར་འཚུབ་པའི་ཉེན་བརྡ་ལི་མདོག་བཏང་ཞིང་། འདས་ཟིན་པའི་ཆུ་ཚོད་24ཡི་རིང་གཞིས་རྩེ་གྲོང་ཁྱེར་གྱི་གཉའ་ནང་་དང་། གྲོ་མོ། དིང་རི། གཏིང་སྐྱེས་བཅས་ཀྱི་རྒྱུད་དུ་གངས་འུར་རའམ་ཡང་ན་གངས་འུར་ཆེན་པོ་འཚུབ་པ་དང་ས་ཆ་ཁག་གཅིག་ལ་ཁ་བ་བུ་ཡུག་འཚུབ་ཡོད་པ་རེད། 

    སྔོན་དཔག་བྱས་ན། མ་འོངས་ཆུ་ཚོད་12(ཟླ་10ཚེས་30ཉིན་གྱི་ཆུ་ཚོད་17ནས་ཚེས་31ཉིན་གྱི་ཆུ་ཚོད་05བར)ཀྱི་རིང་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་རྒྱུད་དུ་གངས་སམ་ཆར་པ་ཆེན་པོ་རྒྱུན་མཐུད་འབབ་རྒྱུ་དང་གཉའ་ནང་དང་གྲོ་མོའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འུར་ཆེན་པོའམ་ཁ་བ་བུ་ཡུག་འཚུབ་རྒྱུ(ཧའོ་སྨི་15.0ནས་35.0བར)དང་། དིང་རིའི་ལྷོ་རྒྱུད་དང་། གཏིང་སྐྱེས་ཀྱི་ལྷོ་རྒྱུད། སྐྱིད་གྲོང་སོགས་ཀྱི་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་ལ་གངས་འུར་རམ་གངས་འུར་ཆེན་པོ་འཚུབ་རྒྱུ(ཧའོ་སྨི་7.0ནས་5.0བར) གངས་གསོག་ཐེབས་ཚད་ལི་སྨི་10ནས་20བར་མཐུག་ཏུ་འགྲོ་རྒྱུ་དང་ལྷོ་རྒྱུད་ཀྱི་ས་བབ་དམའ་བའི་ས་ཆ་ཁག་གཅིག་ལ་ཆར་པ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ(ཧའོ་སྨི་30.0ནས་60.0) གངས་བབས་རྗེས་ས་ཆ་ཁག་གཅིག་ཏུ་དྲོད་ཚད་ཧྲེ་ཧྲི་ཏུའུ་3ནས་6བར་ཆག་རྒྱུ་དང་ས་བབ་མཐོ་བའི་ཤང་དང་གྲོང་རྡལ་ཁག་གཅིག་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་8མན་ཆག་རྒྱུ། ནུབ་རྒྱུད་དང་། ལྷོ་རྒྱུད། བྱང་རྒྱུད་བཅས་ཀྱི་ས་ཆ་ཁག་གཅིག་ལ་ལྷགས་པ་རིམ་པ་7ཡས་མས་རྒྱག་རྒྱུ་དང་གཙང་པོའི་རྒྱུད་དུ་ཉིན་དགུང་ཡོལ་རྗེས་ལྷགས་པ་རིམ་པ་5ཡས་མས་རྒྱག་རྒྱུ།

    འགོག་སྲུང་བྱེད་ཐབས། 

    1.སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་གཞིར་བཟུང་གངས་སྐྱོན་དང་འཁྱགས་སྐྱོན་འགོག་པའི་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། གངས་སམ་ཆར་པ་འབབ་པ་ལས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་དང་། ལས་གྲྭ་འཛུགས་སྐྲུན། ཕྱི་རོལ་གྱི་བྱེད་སྒོ། གློག་ཤུགས་སྒྲིག་བཀོད། འཕྲིན་གཏོང་སྒྲིག་བཀོད། ནུས་རྒྱུ་མཁོ་སྤྲོད་འགན་ལེན་སོགས་ལ་ཤུགས་རྐྱེན་ངན་པ་ཐེབས་སྲིད་པར་དོགས་ཟོན་བྱེད་དགོས། 

    2.ས་བབ་མཐོ་བའི་ལམ་དུམ་བུར་གངས་མ་ཆར་འབབ་པའི་གནམ་གཤིས་སྟོན་པ་ལས་འགྲོ་ལམ་ལ་འཁྱགས་པ་དང་གངས་གསོག་ཐེབས་སླ་པོ་ཡོད། དེས་ན་འགྲོ་ལམ་འགྲིམ་འགྲུལ་དང་ཡུལ་སྐོར་བདེ་འཇགས་དོ་དམ་ལས་དོན་ཡག་པོ་སྒྲུབ་དགོས།

    3.གནོད་འཚེའི་མངོན་མེད་རྐྱེན་ངན་ཐོན་སར་སྐོར་ཞིབ་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་ཆར་པ་འབབ་པ་ལས་ཐོན་སྲིད་པའི་ཞོར་ཐོན་གནོད་འཚེ་སྣ་ཚོགས་ལ་དོགས་ཟོན་བྱེད་དགོས། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།