མཚོ་སྔོན་མཚོ་ཤར་གྱི་སྤུས་ལེགས་ཚོང་ཟོག་སྣ་ཁ་200རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་འཚོང་ཚོགས་འདུར་འགྲེམས་སྟོན་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གྲོང་ཁྱེར་དེའི་སྤུས་ལེགས་ཁེ་ལས་23གྱི་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣ་ཁ་200ཙམ་ཧྲན་ཏུང་ཞིང་ཆེན་ལིན་དབྱི་གྲོང་ཁྱེར་དུ་2026ལོའི་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཐོན་འཚོང་ཚོཌ་འདུར(བྱང་རྒྱུད་ཡུག་ཁུལ)འགྲེམས་སྟོན་བྱས་པ་མ་ཟད། ཚོགས་ཆེན་གྱི་སྤུས་རྟགས་གཉིས་ཡོངས་བསྒྲགས་ལས་སྟེགས་ལ་བརྟེན་ནས་མཚོ་ཤར་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་ཁེ་ལས་ཀྱི་རང་བརྟེན་སྤུས་རྟགས་རྒྱལ་ནང་ཁྲོམ་ར་དང་རྒྱལ་སྒྲོལ་ཚོང་དོན་གྱི་ཞིང་ལས་ཐོན་རྫས་ལེགས་འདེམས་མིང་གཞུང་ཆེ་གྲས་གཉིས་ནང་བཅུག་པར་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་སྤུས་རྟགས་འོས་སྦྱོར་དང་། སྲིད་ཇུས་སྐོར་སྤེལ་རེས། གཅིག་སྡུད་གན་འཇོག་བཅས་བྱས་ཡོད།
འགྲེམས་སྟོན་བྱེད་རིང་མཚོ་ཤར་འགྲེམས་ཁུལ་གྱིས“མཚོ་སྔོན་གྱི་སྤུས་ལེགས་ཚོང་ཟོག·མཚོ་ཤར་གྱི་ཐོན་རྫས་རྩེ་གྲ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས་ལིན་དབྱི་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་སྨི་ངོས་གྲུ་144ཟིན་པའི་དམིགས་བསལ་འགྲེམས་ཁང་བཙུགས་ཤིང་། འགྲེམས་ཁང་དུ་དངོས་རྫས་བཤམས་སྟོན་དང་། ཡིག་རིས་གཉིས་བཀོད་འོས་སྦྱོར། ས་གནས་ས་ཐོག་ཏུ་གསལ་འབྱེད། ཐད་གཏོང་ཟོག་འཚོང་བཅས་གཞི་གཅིག་ཅན་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་གཞི་རྒྱུ་སེ་འདུས་པའི་ཞིང་ལས་ཐོན་རྫས་དང་། མཚོ་སྔོན་གྱི་འཐེན་ཐུག ས་མཐོའི་གྲང་ཚལ། ཁྱད་ལྡན་ཚགས་ཤ་དང་ལུག་ཤ དྲ་ཚོང་ཐད་གཏོང་བཅས་བྱེད་ནུས་འགྲེམས་ཁུལ་ཆེན་པོ་ལྔ་བཀོད་སྒྲིག་བྱས་ཡོད། མཚོ་ཤར་གྲོང་ཁྱེར་གྱི་འགྲེམས་ཞུགས་ཚོགས་པས་ད་དུང་བྱང་རྒྱུད་ཡུག་ཁུལ་དང་ཕྱི་རྒྱལ་གྱི་ཐོན་འཚོང་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་། སྤུས་རྟགས་གཉིས་ཀྱི་མིང་གཞུང་ཡོངས་བསྒྲགས་འོས་སྦྱོར་ཚོགས་འདུ། ཞིང་ཆེན་དབར་གྱི་ཁེ་ལས་ཀྱི་ཆེད་དོན་ལམ་བསྒྲགས་སོགས་བྱེད་སྒོ་གཙོ་བོར་ཞུགས་པ་མ་ཟད། ཁེ་ལས་སྒྲིག་འཛུགས་བྱས་ནས་དེང་རབས་ཞིང་ལས་ཐོན་ལས་གླིང་དང་ཚོང་དོན་ཟོག་འགྲུལ་རྟེན་གཞིར་བསྐྱོད་ནས་ས་ཡུལ་དངོས་སུ་རྟོག་ཞིབ་བྱས་པ་རེད། འགྲེམས་ཞུགས་ཁེ་ལས་ཀྱི་ཐོན་རྫས་མཁོ་སྤྲོད་གསལ་ཐོ་དང་ཉོ་སྒྲུབ་དགོས་མཁོའི་གསལ་ཐོར་དམིགས་ནས་པེ་ཅིང་གསར་སྤེལ་ཁུལ་གྱི་སྡེབ་ཚོང་ཁྲོམ་ར་དང་། རྒྱལ་ཡོངས་ཀྱི་ཞིང་ལས་སྡེབ་ཚོང་ཁྲོམ་ར་ཆེ་གྲས། མུ་འབྲེལ་ཚོང་ཁང་། དྲ་ཚོང་གཙོ་བོ། མཁོ་སྤྲོད་འཁོར་འབྲེལ་ཁེ་ལས། དེ་བཞིན་RCEPཕྱི་རྒྱལ་ཉོ་སྒྲུབ་ཚོང་པ་བཅས་དང་འབྲེལ་མཐུད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འགྲེམས་སྟོན་ལ་ཞུགས་པའི་མཚོ་ཤར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཕྱིར་གཏོང་ཐོ་བཀོད་རྟེན་གཞི་བཅས་སྔོན་ལ་བསྡུས་ཏེ། རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་དང་། འབྱུང་འཕྲོད་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས་སོགས“ཐོན་རྫས་གསུམ་དང་སྤུས་རྟགས་གཅིག”གི་ཁས་ལེན་དཔང་འདོན་ཐོན་རྫས་གཙོ་གནད་ཐོག་བདམས་པ་དང་འབྲེལ། གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་རོགས་སྐྱོར་ས་ཁུལ་གྱི་ཞིང་ལས་དང་འབྲེལ་བའི་ཁེ་ལས་འགྲེམས་སྟོན་ལ་ཞུགས་སུ་བཅུག་ནས། འཛད་སྤྱོད་རོགས་སྐྱོར་ལ་སྤྱི་འདོམས་ཡག་པོ་བྱས་ནས“མཚོ་ཤར་གྱི་ཐོན་རྫས་སྤུས་ལེགས”དེ་རྨ་ཆུ་དང་ཙོང་ཆུའི་ལུང་ཁུལ་ནས་ཐོན་ཐུབ་པ་དང་། རྒྱལ་ནང་གི་ཁྲོམ་ར་ཆེན་པོ་བཟུང་ཐུབ་པ། རྒྱལ་སྤྱིའི་ཁྲོམ་ར་རྒྱ་སྐྱེད་ཐུབ་པ་བཅས་བྱས་ནས“མཚོ་སྔོན་གྱི་ཚོང་ཟོག་མཚོ་སྔོན་ནས་ཐོན་པའི”ཐོན་འཚོང་བགྲོད་ལམ་གཏོད་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།