ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་གསུམ་ཀྲུང་གོའི་གྲོང་གསེབ་ཏུ་བསྐྱོད་པའི་མཐོང་ཐོས་དང་བསམ་གཞིག
“མི་རྣམས་ཀྱི་སྤོབས་སེམས་དང་དེ་བས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདོད་དངོས་འབྲེལ་ཚོར་བྱུང”
ཀྲུང་གོས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་བསྟུན་ནས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་སྐྲུན་མགྱོགས་སུ་ཕྱིན་ནས། ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལྟ་ཞིབ་དང་ཀྲུང་གོའི་འཕེལ་རྒྱས་ཀྱི་གསང་བ་རྟོགས་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད། དེས་ན། ཕྱི་རྒྱལ་གྱི་སྨྱན་སྦྱོར་གྱི་གསར་འགོད་པ་དེ་བས་མང་བས་ཀྲུང་གོའི་གྲོང་གསེབ་དུ་བསྐྱོད་ནས་གཞི་རིམ་གྱི་མང་ཚོགས་ལ་བཅར་འདྲི་དང་ཐོན་ལས་བྱ་ཡུལ་དུ་འདྲི་རྟོག་བྱས་ཏེ་གྲོང་གསེབ་ཀྱི་འཕོ་འགྱུར་ལ་དཔང་པོ་བྱེད་ཀྱི་ཡོད། ཉེ་དུས། ཕྱི་རྒྱལ་སྨྱན་སྦྱོར་གྱི་གསར་འགོད་པ་3གྱིས་ཀྲུང་གོའི་གྲོང་གསེབ་ཏུ་བསྐྱོད་པའི་མཐོང་ཐོས་མྱོང་གསུམ་མཉམ་སྤྱོད་བྱས་ཤིང་། ཁོང་ཚོས་ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཕན་འབྲས་གང་སར་ཐོན་པའི་བར་དང་། དེ་ནས་མིའི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པའི་བར་མིག་མཐོང་ལག་ཟིན་བྱུང་བའི་ཀྲུང་གོའི་གྲོང་གསེབ་འཕེལ་རྒྱས་ཀྱི་ལག་ལེན་ལ་འགྲེལ་བཤད་བརྒྱབ་པ་དང་། ཁོང་ཚོའི་མཐོང་ཆོས་སུ་གྱུར་པའི་སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་སྐོར་ཞིབ་པར་བྲིས་ཡོད།
ལྷོ་ཨ་ཧྥེ་རི་ཁའི《གཟའ་ཉི་མའི་འཛམ་གླིང་ཚགས་པར》གྱི་དབུ་བཞུགས་ལག་བསྟར་དཔོན་པེ་ལིས་བརྗོད་དོན།
“ས་ཆ་ཚང་མ་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་གི་བརྒྱུད་རིམ་ལྡན་པའི་བཀོད་པ་དང་ཕུགས་ཀྱི་འཆར་འགོད་མངོན་བཞིན་འདུག”
ད་ལོའི་ཟླ་7པར། ལྷོ་ཨ་ཧྥེ་རི་ཁའི《གཟའ་ཉི་མའི་འཛམ་གླིང་ཚགས་པར》གྱི་དབུ་བཞུགས་ལག་བསྟར་དཔོན་ཡུའེ་ཧན·པེ་ལིས་སྨྱན་སྦྱོར་གྱི་འཐུས་མིའི་ངོས་ནས་གདན་ཞུས་ལྟར་ཉིང་ཞ་དབྱིན་ཁྲོན་དུ་འཚོགས་པའི“ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་འཛམ་གླིང”ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུར་ཞུགས་པ་མ་ཟད། ཉིང་ཞ་ཡི་ས་ཆ་མང་པོར་བསྐྱོད་དེ་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་གྲུབ་འབྲས་ལ་ཤེས་རྟོགས་བྱས་པ་རེད།
“ཉིང་ཞའི་དབུལ་སྐྱོར་རྣམ་གྲངས་རྨ་ཆུ་དྲངས་ནས་ཞིང་ཆུ་གཏོང་བའི་ཆུ་བེད་འགན་ལེན་གྱི་ལས་གྲྭ་ནས་ཀུའུ་ཡའོ་ཙེ་ནས་ཆིང་ཐུང་ཞ་བར་གྱི་མྱུར་བགྲོད་གཞུང་ལམ་བར་དང་། དེ་ནས་མིན་ཉིང་ཧོ་མེ་དྲ་ཚོང་རོགས་སྐྱོར་འཁོར་ཁང་གི་རྩལ་ནུས་གསོ་སྦྱོང་དང་ལས་གཏོད་རོགས་སྐྱོར་བར། ས་ཆ་ཚང་མ་ནས་ཀྲུང་གོའི་དབུལ་པོ་ཉུང་གཏོང་བྱ་གཞག་གི་བརྒྱུད་རིམ་ལྡན་པའི་བཀོད་པ་དང་ཕུགས་ཀྱི་འཆར་འགོད་མངོན་བཞིན་འདུག”ཅེས་པེ་ལེས་མྱོང་བ་ཟབ་མོས་བརྗོད་པ་དང་། ཁོང་གིས། ཀྲུང་གོས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་ཆེར་བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ལེགས་གཏོང་བཅས་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུ་ཟུང་འབྲེལ་བྱས་པར་ཐོབ་པའི་གྲུབ་འབྲས་ནི་སྐྱེ་བོ་ཀུན་གྱིས་མཐོང་གསལ་རེད་ཅེས་བཤད།
“དབུལ་པོ་ཉུང་གཏོང་ཐད་ཕན་འབྲས་དངོས་ཐོན་དགོས་ན་རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱེད་དགོས”ཞེས་པེ་ལིས་བརྗོད་པ་དང་། ཁོང་གིས། ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ཉམས་མྱོང་གིས་ལྷོ་ཨ་ཧྥེ་རི་ཁའི་བློ་སྒོ་འབྱེད་ཐུབ། དབུལ་ཕོངས་ནི་སེལ་ཐབས་མེད་པ་ཞིག་མིན་པས། མིག་རྒྱང་རིང་བའི་སྣེ་ཁྲིད་ནུས་པ་དང་། སྐྱོན་བྲལ་གྱི་སྲིད་ཇུས་སྒྲོམ་གཞི། འཐུས་སྒོ་ཚང་བའི་འགན་འཁྲི་བདའ་འདེད་ལམ་སྲོལ། མི་ཤུགས་ཐོན་ཁུངས་ལ་རྒྱུན་མཐུད་བཏང་བའི་མ་དངུལ། དེ་བཞིན་མིག་རྒྱང་རིང་བའི་བྱ་སྤྱོད་བཅས་ཀྱིས་དེར་འགྱུར་ལྡོག་གཏོང་ཐུབ་པའི་ཡིད་ཆེས་བྱེད་བྱེད་ཀྱི་ཡོད།
ཕ་ཁི་སི་ཐན་གྱི་རྒྱལ་སྤྱིའི་འབྲེལ་བ་དང་སྨྱན་སྦྱོར་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧན་གྱིས་བརྗོད་དོན།
“ལས་དོན་མཐའ་དག་མི་དམངས་ལྟེ་བར་བཟུང་ནས་དཔལ་འབྱོར་འཕར་བར་དོ་ཁུར་བྱེད་པ་མ་ཟད་མིའི་ལ་རྒྱ་དང་རེ་འདུན་ལ་ཡང་མཐོང་ཆེན་བྱེད་ཀྱི་འདུག”
“ང་རང་དེ་སྔ་ཀྲུང་གོའི་གྲོང་གསེབ་མང་པོར་བཅར་འདྲིར་འགྲོ་མྱོང་ཡོད། མྱོང་ཚོར་ཆེ་ཤོས་ནི་མི་རྣམས་ཀྱི་འཚོ་བ་ཧ་ཅང་སྐྱིད་སྣང་དོད་ཅིང་། སྟབས་བདེ་ལ། རེ་བས་ཁེངས་འདུག”ཅེས་ཕ་ཁི་སི་ཐན་གྱི་རྒྱལ་སྤྱིའི་འབྲེལ་བ་དང་སྨྱན་སྦྱོར་ཞིབ་འཇུག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཡ་ཞིར·ཧ་པི་པོ·ཧན་གྱིས་ཀྲུང་གོའི་གྲོང་གསེབ་ཀྱི་བག་ཆཌ་སྐོར་གླེང་སྐབས་འདི་ལྟར་བརྗོད།
ད་ལོའི་དབྱར་ཁར་ཧན“དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་ལྟེ་བའི་ཁུལ་དུ་སྐྱོད་པའི”བརྗོད་དོན་གཙོ་བོའི་བཅར་འདྲི་ཚོགས་པར་ཞུགས་ཤིང་། ཤིན་ཅང་ཐུའུ་ལུའུ་ཧྥན་གྲོང་ཁྱེར་ཀའོ་ཁྲང་ཆུས་ཡར་གྲོང་རྡལ་གྲོང་གསར་ཤིས་མོན་གྲོང་ཚོར་ཁོང་དང་ལས་རིགས་གཅིག་པའི་ཕྱི་རྒྱལ་གྱི་གསར་འགོད་པས་ཞིང་པའི་མགྲོན་ཁང་ཞིག་ཏུ་སྦྱིན་བདག་སོ་སོས་བཟོས་པའི་ཤིང་འབྲས་སྐམ་པོ་དང་འཁྱགས་པ་བྱི་རིལ་གྱི་བྲོ་བ་མྱངས་པ་མ་ཟད། ད་དུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་ལ་ཡང་བལྟས་པ་རེད། “མགྲོན་ཁང་གི་སྦྱིན་བདག་གིས་ང་ལ་སྤོབས་པ་ཆེན་པོས་ལོ་ལྟར་དབྱར་དུས་ཡུལ་སྐོར་བ་མང་བའི་དུས་སུ་ཁྱིམ་ཚང་མགྲོན་ཁང་གི་ཚོང་གཉེར་ཡོང་འབབ་ཟླ་རེར་མི་དམངས་ཤོག་སྒོར་ཁྲི་2.5ཙམ་རག་གི་འདུག་ཅེས་ཤོད་གི་འདུག”ཅེས་ཧན་གྱིས་བརྗོད།
ཧན་གྱིས“ཀྲུང་གོའི་ས་གནས་ཁག་གི་གྲོང་གསེབ་ལ་རང་སོ་སོའི་ཐུན་མོང་མ་ཡིན་པའི་མཛེས་པའི་ཆ་འདུག་ལ། དེང་རབས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ། སྤྱི་པའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ་སོགས་ཐུན་མོང་གི་ཆ་ཡང་མང་པོ་འདུག”ཅེས་བརྗོད་པ་དང་། ཁོང་གིས། “གྲོང་གསེབ་ཀྱི་འཚོ་བ་ཇེ་ལེགས་ནས་ཇེ་ལེགས་སུ་འགྲོ་བཞིན་ཡོད་པས། མི་དེ་བས་མང་བས་གྲོང་གསེབ་ཏུ་ལོག་འདོད་བྱེད་ཀྱི་འདུག”ཅེས་བརྗོད།
མོ་ཞི་ཁོའི《ཉིན་རེའི་ཚགས་པར》གྱི་གསར་འགོད་པ་ཨའོ་ལི་ཝ་ལུའེ་སིས་བརྗོད་དོན།
“དོན་དམ་པའི་དེང་རབས་ཅན་གྱིས་ཚན་རྩལ་ཡར་ཐོན་དང་རིག་གནས་རྒྱུན་འཛིན་ཕྱོགས་གཉིས་མཉམ་སྤེལ་དང་ཆར་པ་ཆུ་གྲོགས་ལྟ་བུ་ཡོང་ཐུབ་ཀྱི་འདུག”
ད་ལོའི་ཟླ་6པར། མོ་ཞི་ཁོའི《ཉིན་རེའི་ཚགས་པར》ཐོག་གསར་འགོད་པ་ཨའོ་ལི་ཝ་ལུའེ་སིས་བྲིས་པའི《ཀྲུང་གོའི“གྲོང་གྲུག”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ཁྲོད་རྐང་རྩེད་སྤོ་ལོའི་འགྲན་བསྡུར》སྤེལ་ནས་ཀུའེ་ཀྲོའུ་རུང་ཅང་རྫོང་གི་གྲོང་གསེབ་ཀྱི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ངོ་སྤྲོད་བྱས་པ་རེད། ཁོང་གིས་རྩོམ་ཡིག་ནང་། “དུས་ཐུང་ལོ་ཤས་ནང་ས་གནས་དེ་གའི་རིག་གནས་ཤུལ་བཞག་དང་མཉམ་འདྲེས་ཟབ་མོ་བྱུང་བར་བརྟེན་ནས་འགྲན་བསྡུར་དེ་ཀྲུང་གོར་ཁྱབ་པ་མ་ཟད། འཛམ་གླིང་ལ་དེ་བས་དར་འགོ་ཚུགས་ཡོད”ཅེས་བྲིས་ཡོད།
ཨའོ་ལི་ཝ་ལུའེ་སི་ད་ལོ་དུས་ཡུན་ཟླ་བ་གསུམ་གྱི་སྤེལ་རེས་རྣམ་གྲངས་ནང་ཞུགས་ནས་ཀྲུང་གོའི་ས་ཆ་མང་པོར་ལྟ་སྐོར་དང་འཚམས་འདྲི་བྱས་པ་རེད། ད་ཐེངས་ཀྲུང་གོར་སྐྱོད་པའི་སྐོར་གླེང་སྐབས་ཁོང་ལ་བག་ཆགས་ཟབ་ཤོས་ནི“གྲོང་གྲུག”རེད།
ཨའོ་ལི་ཝ་ལུའེ་སིས“གྲོང་གྲུག”ནི་ཀྲུང་གོའི་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་རྒྱུས་མངའ་ལོན་པའི་སྐར་ཁུང་ལྟ་བུ་ཞིག་ཡིན་པའི་ངོས་འཛིན་གྱི་ཡོད། ཁོང་གིས། “ད་ཆ་ལས་རིགས་ལུས་རྩལ་འགྲན་བསྡུར་ལ་ལྟ་བའི་ཚད་གཞི་ཇེ་མཐོར་འགྲོ་བཞིན་ཡོད། ཡིན་ནའང་ཀུའེ་ཀྲོའུ་ཡི་ཐག་རིང་ལུང་ཁུག་གི་རྫོང་གྲོང་ཞིག་ཏུ‘གྲོང་གྲུག’ལས་རྐང་རྩེད་སྤོ་ལོ་མང་ཚོགས་དཀྱུས་མའི་འཚོ་བར་ཁྱབ་ནས་མི་ཚང་མ་ཞུགས་ཐུབ་པ་དང་སྤྲོ་སྣང་མཉམ་སྤྱོད་བྱེད་པའི་འགྲན་བསྡུར་དང་དུས་ཆེན་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
ཨའོ་ལི་ཝ་ལུའེ་སིར་མྱོང་ཚོར་ཟབ་མོ་བྱུང་བ་ཞིག་ནི། ས་གནས་དེ་གས“གྲོང་གྲུག”ལ་བརྟེན་ནས་ཏུང་རིགས་དང་མེའོ་རིགས་སོགས་མི་རིགས་ཀྱི་རིག་གནས་འོས་སྦྱོར་དང་འགྲེམས་སྟོན་བྱེད་པ་དེ་ཡིན། ལུས་རྩལ་དང་། ཡུལ་སྐོར། རིག་གནས་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་སྟངས་དེར་ཕན་འབྲས་མང་པོ་ཐོན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཕན་ཐོགས་པ་མ་ཟད། ས་གནས་དེ་གའི་རིག་གནས་ཀྱི་མོས་སེམས་དང་རིག་གནས་ཀྱི་གདེང་ཚོད་ཀྱང་ཆེ་རུ་ཕྱིན་ཡོད།
ཨའོ་ལི་ཝ་ལུའེ་སིས། ཀྲུང་གོའི་གྲོང་གསེབ་ཀྱི་སྣ་མང་འཕེལ་རྒྱས་ཀྱི་ཐབས་ལམ་མཐོང་བྱུང་ཞེས་བརྗོད་ཅིང་། ཁོང་གིས“དོན་དམ་པའི་དེང་རབས་ཅན་གྱིས་ཚན་རྩལ་ཡར་ཐོན་དང་རིག་གནས་རྒྱུན་འཛིན་ཕྱོགས་གཉིས་མཉམ་སྤེལ་དང་ཆར་པ་ཆུ་གྲོགས་ལྟ་བུ་ཡོང་ཐུབ་ཀྱི་འདུག”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།