དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་གིས་གནོད་འཚེ་ཕོག་པའི་སློབ་མ་ས་ཡོམ་རྗེས་ཀྱི་སློབ་འགོ་བསྐྱར་ཚུགས་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་པ།

    “ང་སློབ་གྲྭར་མགྱོགས་ཙམ་ལོག་ཐུབ་ན་བསམ་གྱི་འདུག”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།   |     སྤེལ་དུས།  2026-11-02

    ཟླ་10ཚེས་29ཉིན། གུར་སྟོང་པ་གཉིས་ལུས་རྩལ་ཐང་དུ་ཕུབ་རྗེས་གློག་སྐུད་རེ་རེ་བཞིན་གུར་ནང་དུ་འཁྲིད་བཞིན་ཡོད་པ་དང་། གུར་ནང་གི་སྒྲོག་ཙེའི་སྟེང་དུ་གློག་ཀླད་འགའ་ཞིག་བསྒྲིགས་ཡོད་པ་དེ་དག་ཁ་ཕྱེ་ཡོད་པ་རེད། འདི་ནི་བོད་ལྗོངས་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པས་སློབ་འགོ་བསྐྱར་ཚུགས་ལ་གྲ་སྒྲིག་བྱས་པའི་གནས་སྐབས་སློབ་ཁང་ཡིན་པ་དང་དགེ་རྒན་ཚོས་དེ་ནས་ཐད་གཏོང་བྱས་ནས་སློབ་མར་སློབ་ཚན་འཁྲིད་རྒྱུ་ཡིན་པ་རེད།

    “ཁང་པར་ཚོད་སྐོར་དཔྱད་འདོམས་བྱེད་པར་དུས་ཚོད་ངེས་ཅན་དགོས། ཡིན་ནའང་ཕྲུ་གུ་ཚོར་སློབ་ཚན་འཚོག་དགོས་པས་ང་ཚོས་བསྒུགས་ནས་བསྡད་ན་ག་ལ་འགྲིག”ཅེས་སྦྲ་ཆེན་རྫོང་སློབ་གསོ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་དབང་འདུས་ཀྱིས་བཤད།

    ཉིན་འདི་དག་རིང་རྫོང་གིས་དགེ་རྒན་སྒྲིག་འཛུགས་བྱས་ཏེ་དྲ་ཐོག་ནས་སློབ་ཁྲིད་བྱེད་སྟངས་གསོ་སྦྱོང་བྱས་པ་དང་མི་རིང་བར་སློབ་འབྲིང་སློབ་མ་དྲ་ཐོག་ནས་སློབ་འགོ་བསྐྱར་ཚུགས་བྱ་རྒྱུ་རེད། གནོད་འཚེ་ཚབས་ཆེ་ཙམ་ཕོག་པའི་དམར་རུ་དང་གངས་ཆེན་སོགས་ཤང་དང་གྲོང་རྡལ་གྱི་སློབ་གྲྭའི་སློབ་མ་ལྷ་སར་ཁྲིད་ནས་སློབ་འགོ་བསྐྱར་ཚུགས་བྱེད་པའི་འཆར་གཞི་རགས་ཙམ་བཏིང་ཡོད་པ་རེད། བུ་བཅོལ་ཁང་སོགས་སྒྲིག་ཁང་དང་གུར་ནང་སློབ་ཁྲིད་བྱ་རྒྱུ་རེད།

    ས་ཡོམ་ཁྲོད་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པའི་དགེ་སློབ་ཚང་མར་རྨས་སྐྱོན་ཕོག་མེད་ཅིང་། རྫོང་ཡོངས་ཀྱི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་ཆེ་ཤོས་དེར་སློབ་མ་1945ཡོད་པ་དང་དགེ་རྒན་བསྡོམས་ན་མི་གྲངས་2000ལྷག་ཙམ་ཡོད་པ་རེད།

    ས་ཡོམ་རྒྱག་སྐབས་དགེ་རྒན་ཚོས་དང་ཐོག་བསམ་པ་ནི་སློབ་མ་ཚོ་བདེ་ཐང་ཡིན་མིན་དེ་རེད། དེས་ན། ཁོང་ཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མྱུར་དུ་སློབ་མའི་ཉལ་ཁང་གི་ཕྱོགས་སུ་རྒྱུག

    ཉལ་ཁང་དུ་གློག་སྒྲོན་ཡམ་ཡོམ་བྱེད་པ་དང་བར་ཁྱམས་ནས་གོམ་སྒྲ་ཟང་ཟིང་གྲགས་བཞིན་ཡོད། “སྐར་མ་4ལས་མ་འགོར་བར་སློབ་མ་ཚང་མ་ལུས་རྩལ་ཐང་དུ་འཁྲིད་ཐུབ་སོང”ཞེས་དམའ་རིམ་ལོ་རིམ་དང་པོའི་དགེ་རྒན་གཡུ་སྒྲོན་གྱིས་ཕྱིར་དྲན་བྱེད་ཀྱིན་བཤད་པ་དང་། ཁོང་གིས། དེ་རྗེས་འཛིན་བདག་དང་པན་ཀྲང་གིས་སློབ་མའི་མིང་བཤེར་ནས་ཚང་ཡོད་མེད་བལྟས་པ་དང་། དགེ་རྒན་ལ་ལའི་ཁ་པར་ལ་བརྡ་རྟགས་མེད་པས་དགེ་རྒན་གཞན་གྱི་ཁ་པར་གཡར་ཏེ་ཁྱིམ་བདག་ལ་བདེ་འཇགས་ཁ་པར་བརྒྱབ་པ་ཡིན་ཞེས་བཤད།

    མུན་ནག་ཁྲོད་དུ་ཕྲུ་གུ་མི་ཉུང་བ་ཞིག་བྲེལ་འཚུབ་ངང་རྒྱུག་ཡོང་བས་གོས་དང་ལྷམ་ཡག་པོ་གྱོན་ལོང་བྱུང་མེད་པ་དང་། ལ་ལས་རྐང་རྗེན་མར་རྒྱུག་ཡོང་བས། ལྷགས་རླུང་ཁྲོད་དུ་འཁྱགས་ནས་འཁུམས་ཏེ་སྡོད་སྐབས། དགེ་རྒན་ཚོས་སླར་ཡང་ཉལ་ཁང་དུ་ཕྱིན་ནས་ཉལ་ཆས་དང་ཉལ་གདན་ཚང་མ་འཁྱེར་ཡོང་སྟེ་ཕྲུ་གུ་ཚོར་བཀབ་ཡོད་པ་རེད།

    “མིག་སྔར་རྫོང་ཡོངས་ཀྱི་སློབ་གྲྭ་ཁག་གི་དགེ་སློབ་ཚང་མ་བདེ་འཇགས་ཡིན་ལ། སློབ་མ་གཅིག་ལ་ཡང་སློབ་གྲྭ་ནས་རྨས་སྐྱོན་ཕོག་མེད”ཅེས་དབང་འདུས་ཀྱིས་བཤད།

    འདི་ལྟ་བུའི་བབ་བརླིང་དང་གོ་རིམ་ལྡན་པ་ནི་ནང་སྦྱོང་བྱས་པ་ལས་བྱུང་བ་ཞིག་ཡིན་ཞིང་། རྒྱུན་དུ་ནས་ནང་སྦྱོང་གི་ཉེན་བརྡ་གྲགས་མ་ཐག་སྒྲོག་ཙེའི་འོག་ཏུ་གབ་ནས་མགོ་བོར་སྲུང་སྐྱོབ་བྱེད་པ་དང་། དེ་ནས་གཏན་འཁེལ་གྱི་ལམ་ཐིག་བརྒྱུད་ནས་ལུས་རྩལ་ཐང་དུ་ཕྱིར་འཐེན་བྱེད་ཀྱི་ཡོད་པས། སློབ་མ་ཚོས་བརྒྱུད་རིམ་དེ་སྔ་ས་ནས་ཤེས་ཀྱི་ཡོད་ཅེས་སྦྲ་ཆེན་རྫོང་སློབ་འབྲིང་གཉིས་པའི་སློབ་སྤྱི་ཆོས་བཟང་བཀྲ་ཤིས་ཀྱིས་བཤད་པ་དང་། ཁོང་གིས“ཕྱིས་སུ་ང་ཚོས་མུ་མཐུད་འཕྲལ་སྡོམ་ནང་སྦྱོང་སྣ་ཚོགས་བྱས་ནས་ཕྲུ་གུ་དེ་བས་མང་བར་ཕན་པ་ཐོབ་པ་བྱ་རྒྱུ་ཡིན”ཞེས་བཤད།

    དུས་རྒྱུན་ནང་སྦྱོང་ཡང་ཡང་བྱས་པ་ལས་ཡོམ་ལྡིག་དང་བར་ཐག་སྤྱི་ལེ་50ལྷག་ཙམ་ཡོད་པའི་སྦྲ་ཆེན་རྫོང་སློབ་འབྲིང་དང་པོའི་སློབ་མ་1500ལྷག་ཙམ་སྐར་མ་2ཀྱང་མ་འགོར་བར་བདེ་འཇགས་ཀྱི་གནས་སུ་ཁྲིད་ཐུབ་ཡོད་ལ་མི་གཅིག་ལ་ཡང་རྨས་སྐྱོན་ཕོག་མེད། ཡོམ་ལྡིག་གི་དམར་རུ་ཤང་སློབ་ཆུང་གི་ཞག་སྡོད་སློབ་མ་217ཚང་མ་བདེ་འཇགས་ཡིན་པ་རེད།

    ཉིན་འདི་དག་རིང་དགེ་རྒན་ཚོས་སློབ་གྲྭར་སྐོར་ཞིབ་བྱེད་ཞོར་ཡོམ་འཕྲོའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་དང་འབྲེལ་སློབ་མའི་ཁྱིམ་དུ་འཚམས་འདྲིར་སྐྱོད་པ་སོགས་བྱས་ནས་སློབ་མའི་ད་ཡོད་གནས་ཚུལ་ཤེས་རྟོགས་བྱེད་ཀྱི་ཡོད་པ་རེད། “ང་ཚོས་ཉིན་ལྟར་སློབ་མ་ཚང་མ་བདེ་འཇགས་ཡིན་མིན་གཏན་འཁེལ་བྱེད་ཀྱི་ཡོད”ཅེས་ཆོས་བཟང་བཀྲ་ཤིས་ཀྱིས་བཤད་པ་དང་། ཁོང་གིས“དེ་དང་ཆབས་ཅིག་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྱི་ཕྲུ་གུའི་ཁྱིམ་ཚང་གི་གནས་ཚུལ་གྲལ་བཤེར་བྱས་ནས་ཁོང་ཚོར་རོགས་རམ་དེ་བས་མང་བ་ཐུབ་པའི་རེ་བ་ཡོད”ཅེས་བཤད།

    “ཉིན་དེ་དག་རིང་དགེ་རྒན་ཚོས་རྟག་ཏུ་ང་ཚོའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་ཀྱི་འདུག”ཅེས་བཀོད་སྒྲིག་བྱ་ཡུལ་གྱི་སྦྲ་ཆེན་སློབ་འབྲིང་དང་པོའི་སློབ་མ་ཚེ་རིང་སྐྱིད་ཀྱིས་གསར་འགོད་པར་བཤད་པ་དང་། “ང་སློབ་གྲྭར་མགྱོགས་ཙམ་ལོག་ནས་དགེ་རྒན་དང་སློབ་གྲོགས་ཚོ་དང་མཉམ་དུ་སློབ་ཚན་འཚོག་པ་དང་སློབ་སྦྱོང་བྱེད་རྒྱུ་བྱུང་ན་བསམ་གྱི་འདུག”ཅེས་བཤད།

    གུར་ནང་དུ་ཐད་གཏོང་སློབ་ཁྲིད་ཀྱི་སློབ་ཚན་རེའུ་མིག་བཟོས་ཚར་ཡོད་པ་དང་། མི་རིང་བར་དམིགས་བསལ་གྱི་སློབ་ཁང་འདི་ནས་སློབ་ཚན་གསར་པ་འཁྲིད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།