བདེ་འཇགས་ཀྱི་གནད་དོན་ལ་གྲལ་བཤེར་བྱས་ནས་འགོག་སྲུང་དྲ་བ་ཚགས་དམ་དུ་གཏོང་བ།
ལྷ་ས་གྲོང་ཁྱེར་གྱི་སྡེ་ཚན་མང་པོས་མཉམ་དུ་བཟའ་བཅའི་བདེ་འཇགས་ཀྱི་འཐེན་བཤེར་བྱེད་སྒོ་སྤེལ་བ།
ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་དང་། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས། གྲོང་ཁྱེར་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་བཅས་དང་མཉམ་དུ་བཟའ་བཅའི་བདེ་འཇགས་ཀྱི“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་མཉམ་འབྲེལ་འཐེན་བཤེར་བྱ་སྤྱོད་ཐེངས་བཞི་སྤེལ་བ་དེ་འབྲུ་རིགས་གྲབས་གསོག་དང་། བཟའ་ཚྭ་ཐོན་སྐྱེད། སློབ་གྲྭའི་འབོར་ཆེའི་བཟའ་བཅའ་མཁོ་སྤྲོད་འགན་ལེན། དགོན་སྡེའི་མཐའ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་སོགས་ཀྱི་ཁྱབ་ཁོངས་ལ་ཁྱབ་ཡོད་ཅིང་། བཟའ་བཅའ་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་པོ་ཁྱོན་24ལ་ཞིབ་བཤེར་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཕྱོགས་ཡོངས་དང་འཁོར་འབྲེལ་ཧྲིལ་པོར་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས་ཁོངས་གཏོགས་ཁུལ་གྱི་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་དྲ་བ་ཚགས་དམ་དུ་བཏང་བ་རེད།
ད་ཐེངས་མཉམ་འབྲེལ་འཐེན་བཤེར་བྱ་སྤྱོད་སྤེལ་སྐབས་གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་ལྟ་འདོམས་གནད་སྨིན་མཐའ་འཁྱོངས་བྱས་ཏེ། དམངས་འཚོའི་དོ་ཁུར་བྱ་ཡུལ་དང་ཉེན་ཁ་ཐོན་མང་བའི་བཟའ་བཅའི་གཉེར་སྐྱོང་ལྷུ་ཚིགས་ལ་དམ་པོར་དམིགས་ནས་ཚན་རིག་དང་མཐུན་པའི་ཞིབ་བཤེར་གྱི་ཁྱབ་ཁོངས་གཏན་འཁེལ་བྱས་ཡོད།
ཞིབ་བཤེར་བྱ་ཡུལ་དུ་ཁྲིམས་སྒྱུར་མི་སྣས་ས་གནས་ས་ཐོག་ཏུ་ཞིབ་བཤེར་དང་། དཔྱད་ཡིག་ལྟ་ཞིབ། ས་གནས་ས་ཐོག་ཏུ་ཞིབ་དཔྱད་བཅས་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་གཉེར་སྐྱོང་བྱེད་པོའི་ལག་ཁྱེར་གྱི་འོས་ཐོབ་དང་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ཚུལ་ལ་རེ་རེ་བཞིན་ཞིབ་བཤེར་དང་། བཟའ་བཅའ་གསོག་ཉར་གྱི་དྲོད་ཚད་ཚོད་འཛིན་ཆ་རྐྱེན་དང་གཉེར་སྐྱོང་བྱ་ཡུལ་གྱི་ཁོར་ཡུག་འཕྲོད་བསྟེན་ལ་ལྟ་ཞིབ། ལས་ཞུགས་མི་སྣའི་བཀོལ་སྤྱོད་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཟོག་འདྲེན་ཞིབ་དཔྱད་ཟིན་ཐོ་དང་ཟུར་བཙུགས་རྩིས་ཁྲའི་ཆ་འཕྲིན་ཞིབ་བསྡུར་ཞིབ་ཚགས་བཅས་བྱས་ཡོད། འཐེན་བཤེར་ཐེངས་བཞི་བྱས་པ་བརྒྱུད། རིམ་རྩིས་བརྒྱབ་ན་ལག་ཁྱེར་མ་སྟོན་པར་གཉེར་སྐྱོང་དང་། བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་འཐུས་སྒོ་མི་ཚང་བ། བཟའ་བཅའ་གསོག་ཉར་གྱི་དྲོད་ཚད་ཚོད་འཛིན་གནད་ལ་མི་འཁེལ་བ། གཉེར་སྐྱོང་གི་འཕྲོད་བསྟེན་ཆ་རྐྱེན་ཚད་གཞི་མ་ལོན་པ། མ་བྱན་སོགས་ཀྱི་གྱོན་ཆས་ཚད་ལྡན་མེད་པ་སོགས་ཀྱི་གནད་དོན་ཁག་8གྲལ་བཤེར་ཐུབ་པ་རེད།
གྲལ་བཤེར་བྱས་ནས་ཤེས་རྟོགས་ཐུབ་པའི་མངོན་མེད་རྐྱེན་ངན་གྱི་གནད་དོན་ལ་དམིགས་ནས་ཞིབ་བཤེར་ཚོགས་ཆུང་གིས་འཕྲལ་སྒྲུབ་འཕྲལ་བཅོས་དང་གདུབ་ཟུམ་དོ་དམ་བྱས་ཤིང་། ས་གནས་ས་ཐོག་ཏུ་གཉེར་སྐྱོང་བྱེད་པོར་གནད་དོན་རེ་རེ་བཞིན་ཤོད་པ་དང་། བཟའ་བཅའི་བདེ་འཇགས་ཀྱི་འབྲེལ་ཡོད་ཚད་ལྡན་ཚད་གཞི་སྒྲོག་འགྲེལ། རང་སར་དག་ཐེར་བྱེད་དགོས་པའི་དྲན་སྐུལ། དག་ཐེར་གྱི་དུས་བཀག་དང་ཚད་གཞི་ཁ་གསལ་བཟོ་བ་བཅས་བྱས་ནས། གཉེར་སྐྱོང་བྱེད་པོར་རེ་རེ་བཞིན་དག་ཐེར་ཡག་པོ་བྱེད་དགོས་པའི་སྐུལ་ལྕག་བྱས་ཡོད། ཁྲིམས་སྒྱུར་མི་སྣས་དུས་གཅིག་ཏུ་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱས་ཏེ། གཉེར་སྐྱོང་བྱེད་མཁན་ལ་བྱེད་པོའི་འགན་འཁྲིའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རྒྱུན་རྣམ་ཅན་གྱི་སྒོ་ནས་རང་བཤེར་རང་བཅོས་བྱེད་པ། དོ་དམ་གྱི་ཞན་ཆ་སེལ་བ་བཅས་བྱས་ནས། འབྱུང་རྩ་ནས་བཟའ་བཅའི་བདེ་འཇགས་ཀྱི་མཐའ་ཚད་སྲུང་དགོས་པའི་ཁྲིད་སྟོན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།