དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》སྐོར་གྱི་གསལ་བཤད།

    ཞི་ཅིན་ཕིང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-02

    བློ་མཐུན་རྣམ་པ།

    ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མངགས་བཅོལ་ལྟར། ངས《ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན》(གཤམ་དུ《ཆོད་དོན》ཞེས་བསྡུ་རྒྱུ)གྱི་མ་ཟིན་བཀོད་པའི་སྐོར་གྱི་འབྲེལ་ཡོད་གནས་ཚུལ་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་ཞུ་རྒྱུ་ཡིན།

    གཅིག ཚང་འཛོམས་གྲོས་ཚོགས་ཀྱི་གྲོས་དོན་གཏན་འཁེལ་སྐོར་གྱི་བསམ་གཞིགས།

    ཏང་འཛུགས་སྐྲུན་བྱེད་པ་ནི་ཏང་གི་མདུན་ལམ་དང་ལས་དབང་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་དར་རྒུད་རྒྱལ་ཕམ་གང་ཡོང་དང་འབྲེལ་བ་ཡོད། ད་ལོ་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཡིན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱ་རྒྱུ་གཏན་འབེབས་བྱས་ཡོད། འདི་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་ལོ་རྒྱུས་གནས་ཕྱོགས་སྟངས་འཛིན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱོན་ཡོངས་ལ་དམིགས་ཏེ། དུས་དང་བབ་ལ་བསྟུན་པ་དང་སྒོ་ཀུན་ནས་བསམ་གཞིགས་བྱས་ཏེ་བཀོད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན།

    དང་པོ། འདི་ནི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་དང་། ཏང་གི་ཡུན་རིང་སྲིད་དབང་སྐྱོང་བའི་གོ་གནས་སྲ་བརྟན་དུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། འཇགས་ཟིང་དར་རྒུད་ཀྱི་ལོ་རྒྱུས་རེས་འཁོར་གྱི་ཡུན་ཚད་ལས་ཇི་ལྟར་ཐར་བར་བྱེད་པ་ནི་ང་ཚོའི་ཏང་གིས་ཡུན་རིང་སྲིད་དབང་སྐྱོང་བར་ངེས་པར་དུ་ལན་ཡག་པོ་རྒྱག་དགོས་པའི་རྩ་བའི་གནད་དོན་ཞིག་ཡིན། དེའི་ཐད་སྔོན་ཆད་བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་ས་ཕུག་ནང་དུ“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱེད་དུ་འཇུག་པ”ཞེས་པའི་ལན་དང་པོ་བསྐྱོན་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ལག་ལེན་ཁྲོད“རང་ངོས་གསར་བརྗེ་བྱེད་པ”ཡི་ལན་གཉིས་པ་རྙེད་ཡོད། ཏང་གི་རང་ངོས་གསར་བརྗེ་ལ་མཚམས་འབྱེད་ནན་པོ་ཞིག་ཡོད་པ་དེ་ནི་གྲི་ཁ་ནང་དུ་སྐོར་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་མཐའ་འཁྱོངས་བྱེད་པ་བཅས་བྱས་ཐོག ཏང་གི་རང་ངོས་གཙང་སྒྱུར་དང་། རང་ངོས་འཐུས་ཚང་། རང་ངོས་གསར་སྒྱུར། རང་ངོས་གོང་སྤེལ་བཅས་མངོན་འགྱུར་བྱེད་པ་དེ་ཡིན། ལོ་ངོ་100ལྷག་གི་རིང་། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཆེད་འབད་འཐབ་ལྷོད་མེད་བྱས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། བདེན་དོན་རྒྱུན་འཁྱོངས་དང་ནོར་འཁྲུལ་ཡོ་བསྲང་བྱེད་ཕོད་པ་དང་། རང་ངོས་ཀྱི་སྟོབས་ཤུགས་དང་མི་དམངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རང་ངོས་ཀྱི་གནད་དོན་ཐག་གཅོད་བྱེད་རིམ་ཁྲོད་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པས། ལོ་བརྒྱའི་ཏང་ཆེན་པོར་གསོན་ཤུགས་ཀྱིས་ཁེངས་པ་དང་ལང་ཚོ་དར་ལ་བབས་ཡོད།

    དུས་མཚུངས་སུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་དུས་ཡུན་རིང་པོའི་འཐབ་ཇུས་རང་བཞིན་གྱི་ལས་འགན་ཞིག་ཡིན་པ་རིག་པ་དྭངས་གསལ་གྱིས་ཤེས་དགོས། ལོ་འདི་དག་རིང་ཏང་གི་དཔུང་ཁག་ལ་གྲུབ་ཚུལ་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད་དེ། སྒྱུར་བཅོས་སྒོ་འབྱེད་ཀྱི་རྗེས་ནས་སྐྱེས་པའི་ཏང་ཡོན་དང་ལས་བྱེད་པའི་བསྡུར་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པས། སློབ་གསོ་དང་དོ་དམ་ལ་བླང་བྱ་གསར་པ་བཏོན་ཡོད། ཏང་གི་དཔུང་ཁག་གི་གཙོ་རྒྱུག་ནི་ཡག་པོ་ཡིན་མོད། འོན་ཀྱང་ཏང་གི་སྔོན་ཐོན་རང་བཞིན་ཞན་དུ་གཏོང་བ་དང་། ཏང་གི་དྭངས་གཙང་རང་བཞིན་ལ་གནོད་འཚེ་གཏོང་བ། ཏང་གིས་ཡུན་རིང་སྲིད་དབང་སྐྱོང་བར་ཤུགས་རྐྱེན་བཟོ་བ་བཅས་ཀྱི་གནད་དོན་དང་མངོན་མེད་རྐྱེན་ངན་ད་དུང་མི་ཉུང་བ་ཞིག་ཡོད་ལ། ལྷག་པར་དུ་བསམ་བློ་རྣམ་དག་མིན་པ་དང་། རྩ་འཛུགས་རྣམ་དག་མིན་པ། སྤྱོད་ཚུལ་རྣམ་དག་མིན་པ་བཅས་ཀྱི་གནད་དོན་ད་དུང་རྩ་བའི་ཆ་ནས་ཐག་གཅོད་བྱེད་ཐུབ་མེད་པར་མ་ཟད། གནད་དོན་གསར་པ་ཁ་ཤས་ཀྱང་རྒྱུན་ཆད་མེད་པར་ཐོན་བཞིན་ཡོད། གནད་དོན་དང་འགྲན་སློང་འདི་དག་གི་མདུན་དུ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་བཏང་ནས། ཏང་གི་བདེ་ཐང་གི་ལུས་ཕུང་ལ་ལྷད་སྐྱོན་བཟོ་བའི་ནད་དུག་གཙང་སེལ་རྒྱུན་ཆད་མེད་པར་བྱས་ཚེ། ད་གཟོད་ཏང་ནམ་ཡང་ངོ་བོ་མི་འགྱུར་བ་དང་། རང་མདངས་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་ཐུབ་ལ། གསར་བརྗེའི་རྒྱལ་སྲིད་མི་རབས་ནས་མི་རབས་བར་བརྒྱུད་སྤྲོད་ཐུབ་པའི་འགན་ལེན་ཏན་ཏིག་བྱེད་ཐུབ།

    གཉིས་པ། འདི་ནི་ཏང་ཡོངས་ཚད་མཐོའི་མཐུན་སྒྲིལ་གཅིག་གྱུར་ཡོང་བ་དང་། ཏང་སེམས་དམག་སེམས་དམངས་སེམས་གསུམ་ཚད་མཐོའི་གོང་བུར་བསྒྲིལ་བའི་ཆབ་སྲིད་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་བའི་དགོས་ངེས་ཀྱི་བླང་བྱ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་སྐབས་ཤིག་རིང་བྱུང་བའི་ཏང་གི་འགོ་ཁྲིད་ཞན་འགྱུར་ཟོབ་འགྱུར་ཉམས་འགྱུར་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་ནན་མིན་རྣལ་མིན་ཤུགས་མེད་ཡིན་པ། ཏང་ནང་གི་གནད་དོན་ཁ་ཤས་མཐོང་བ་ཙམ་གྱིས་ཧང་སངས་པ་ཞིག་ཡིན་པ་བཅས་ཀྱི་ཛ་དྲག་དོན་དངོས་ལ་ཐད་ཀར་གདོང་གཏད་དེ། བློ་བརྟན་འགྱུར་མེད་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་། འབུར་ཐོན་གནད་དོན་རྒྱུན་མཐུད་ངང་ཐག་གཅོད་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་ཡངས་ལྷོད་མཉེན་གསུམ་ཡིན་པའི་གནས་ཚུལ་རྩ་བའི་ཆ་ནས་བསྒྱུར་པ་དང་། ཡུན་རིང་བཀག་འགོག་བྱེད་མ་ཐུབ་པའི་སྤྱོད་ངན་ཁ་ཤས་བཀག་འགོག་བྱས་ཤིང་། ལོ་མང་རིང་སེལ་མ་ཐུབ་པའི་བཅོས་དཀའ་བའི་གཅོང་ནད་ཁ་ཤས་ཡོ་བཅོས་བྱས་ལ། ཏང་དང་། རྒྱལ་ཁབ། དམག་དཔུང་བཅས་ཀྱི་ནང་ཁུལ་དུ་གནས་པའི་མངོན་མེད་རྐྱེན་ངན་ཚབས་ཆེན་གཙང་སེལ་བྱས་པས། ཏང་ནི་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་སྔར་བས་ཞུམ་མེད་སྟོབས་ལྡན་དུ་གྱུར་ཡོད། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མངོན་གསལ་གྱིས་ཤུགས་སྣོན་ཐེབས་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་འཕུར་མཆོང་གསར་པ་མངོན་འགྱུར་བྱུང་ཡོད། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་ལེན་མཐར་ཕྱིན་ནུས་ལྡན་བྱུང་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་ཁྲིམས་བཙན་པོར་ཟིལ་ཤུགས་ཐོན་ཡོད། ཏང་གི་སྒྲིག་ཁྲིམས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་ཤུགས་སྔ་ན་མེད་པ་ཡིན་ཞིང་། ཕན་འབྲས་མིག་མཐོང་ལག་ཟིན་ཡིན། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་ཡོད། ཏང་གི་རྩ་འཛུགས་རིམ་པ་ཁག་གིས་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་འཁྲི་དོན་འཁྱོལ་བྱས་པ་དེ་ལག་ལེན་དང་ཕན་འབྲས་ཐོག་ནས་ཐོན་ཡོད། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པ་དེས་ཉམས་མྱོང་ཕུན་སུམ་ཚོགས་པོ་བསགས་ཡོད་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་དེ། ཏང་གི་མཐུན་སྒྲིལ་གཅིག་གྱུར་སྔར་བས་སྲ་བརྟན་དང་། ཏང་སེམས་དམག་སེམས་དམངས་སེམས་གསུམ་ཚད་མཐོའི་གོང་བུར་བསྒྲིལ་ཡོད།

    ཆབ་སྲིད་ཀྱི་རྣམ་པ་བཟང་པོ་འདི་ལས་སླ་པོར་བྱུང་བ་ཞིག་མིན་པས། ཏང་ཡོངས་ཀྱིས་ངེས་པར་དུ་གཅེས་སྤྲས་ལྡབ་འགྱུར་བྱས་ཏེ་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ལ། འདིས་ང་ཚོར་དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཉམས་མྱོང་རྩ་ཆེན་རྒྱུན་འཁྱོངས་དང་བེད་སྤྱོད་བྱས་ཏེ། ཚད་གཞི་དེ་བས་མཐོ་བ་དང་བྱེད་ཐབས་དེ་བས་ཏན་ཏིག་གིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། ཏང་གི་ཆབ་སྲིད་འགོ་ཁྲིད་བྱེད་ནུས་དང་། བསམ་བློ་སྣེ་ཁྲིད་བྱེད་ནུས། མང་ཚོགས་སྒྲིག་འཛུགས་བྱེད་ནུས། སྤྱི་ཚོགས་འབོད་སྐུལ་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ཏང་ལ་དུས་ནམ་ཡང་མི་དམངས་ཀྱིས་སྙིང་ཐག་པ་ནས་གོང་བཀུར་ཞུ་བ་དང་། ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་སྟོབས་ལྡན་དུ་འགྱུར་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    གསུམ་པ། འདི་ནི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བླང་བྱ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ་ནི་སྔར་བྱུང་མྱོང་མེད་པའི་གསར་གཏོད་རང་བཞིན་གྱི་བྱ་གཞག་ཅིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཞུམ་མེད་འབད་འཐབ་བྱས་པ་བརྒྱུད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བས། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བ་དེ་ལྡོག་ཏུ་མེད་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དུས་མཚུངས་སུ། འཛམ་གླིང་གི་འགྱུར་བ་དང་། དུས་རབས་ཀྱི་འགྱུར་བ། ལོ་རྒྱུས་ཀྱི་འགྱུར་བ་བཅས་ཀྱང་སྔར་བྱུང་མྱོང་མེད་པའི་རྣམ་པས་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། མདུན་སྐྱོད་ཀྱི་འགྲོ་ལམ་ཐོག་ཉེན་ཁ་དང་འགྲན་སློང་སྣ་ཚོགས་འཕྲད་ཡོད། རྒྱལ་སྤྱི་ནས་བལྟས་ན། འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་མགྱོགས་སུ་འགྲོ་བཞིན་པ་དང་། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་འགག་སྒྲོལ་བྱུང་བ། རྒྱལ་སྤྱིའི་སྟོབས་ཤུགས་ཀྱི་བསྡུར་ཚད་ལེགས་སྒྲིག་གཏིང་ཟབ་བྱུང་བ། འཛམ་གླིང་གཡོ་འགུལ་འཕོ་འགྱུར་གྱི་དུས་སྐབས་གསར་པ་ཞིག་ཏུ་སླེབས། ཕྱིའི་ཁོར་ཡུག་ལ་ངེས་གཏན་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་ཕྱིན་ཡོད། རྒྱལ་ནང་ནས་བལྟས་ན། ལོ་ངོ་40ལྷག་རིང་སྒྱུར་བཅོས་སྒོ་འབྱེད་བྱས་པ་བརྒྱུད། རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཚོ་བར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་དང་། འཕེལ་རྒྱས་དོ་མི་མཉམ་ཞིང་དཔྱིས་ཕྱིན་པ་ཞིག་མ་བྱུང་བའི་གནད་དོན་སྔར་བཞིན་འབུར་ཐོན་ཡིན་ལ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱེད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཛུགས་སྐྲུན་དང་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། སྤྱི་ཚོགས་ཀྱི་གསོན་ཤུགས་ངར་སྐྱེད་དང་ཇེ་ཆེར་གཏོང་བ་སོགས་ཞིབ་འཇུག་བྱ་གཞི་གསར་པ་མི་ཉུང་བ་ཞིག་འཕྲད་ཡོད།

    ཀྲུང་གོའི་དོན་དག་ཡག་པོར་སྒྲུབ་པའི་འགག་རྩ་ནི་ཏང་ལ་ཐུག་པ་དང་། འགག་རྩ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཐུག་ཡོད། སྣེ་མང་རྙོག་འཛིང་ཆེ་བའི་རྒྱལ་སྤྱི་རྒྱལ་ནང་གི་གནས་བབ་དང་དཀའ་ཚེགས་དང་ལྗིད་རྫོབ་ཆེ་བའི་སྒྱུར་བཅོས་གོང་སྤེལ་བརྟན་བརླིང་གསུམ་གྱི་ལས་འགན་མདུན་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། “ངེས་པར་དུ་བྱེད་དགོས་པ་གསུམ”ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་པ། ཏང་གི་ཕུལ་དུ་བྱུང་བའི་ཁྱད་གཤིས་རྒྱུན་ཆད་མེད་པར་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ང་ཚོའི་ཏང་སྔར་བས་ལེགས་པ་དང་སྔར་བས་སྟོབས་ལྡན་དུ་འཛུགས་སྐྲུན་བྱས་ཐོག ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་སྐྲུན་ཚར་བར་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་སྐུལ་འདེད་གཏོང་ཆེད་འགན་སྲུང་བརྟན་པོ་བྱེད་དགོས།

    གཉིས། 《ཆོད་དོན》གྱི་མ་ཟིན་བཀོད་པའི་བརྒྱུད་རིམ་སྐོར།

    ད་ལོའི་ཟླ་དང་པོར། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཡིག་ཆ་ཟིན་འགོད་ཚོ་ཆུང་བཙུགས་ཏེ། ངས་ཚོ་ཆུང་གི་འགོ་འཛིན་གྱི་འགན་ཁུར་བ་དང་། བློ་མཐུན་ཝང་ཧུའུ་ཉིང་དང་། ཚའེ་ཆི། ལི་ཞི་བཅས་ཀྱིས་ཚོ་ཆུང་གི་འགོ་འཛིན་གཞོན་པའི་འགན་ཁུར་ཞིང་། ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དང་དེ་བཞིན་འབྲེལ་ཡོད་ཀྲུང་དབྱང་སྡེ་ཁག་དང་ས་གནས་ཀྱི་འགན་འཁུར་བློ་མཐུན་ཞུགས་ཏེ། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག་ལས་དོན་སྤེལ་བ་ཡིན། ཟླ་2ཚེས་6ཉིན་ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས་ཡིག་ཆ་ཟིན་འགོད་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ་ཡིན།

    ཡིག་ཆ་ཟིན་འགོད་བྱེད་རིང་གཤམ་གསལ་གྱི་དོན་གནད་འགའ་གཙོ་གནད་དུ་བཟུང་ཡོད།

    དང་པོ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་འཛུགས་དགོངས་པ་ལག་ལེན་མཐར་ཕྱིན་བྱས་ཡོད། དུས་རབས་གསར་པའི་ཏང་འཛུགས་དགོངས་པ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཏང་འཛུགས་ལེ་ཚན་ཡིན་ལ། ཏང་དང་མི་དམངས་ཀྱི་ལག་ལེན་ཉམས་མྱོང་དང་ཐུན་མོང་བློ་གྲོས་ལས་བྱུང་བའི་ཉིང་བཅུད་ཡིན། 《ཆོད་དོན》གྱི་མ་ཟིན་འགོད་སྐབས་དུས་རབས་གསར་པའི་ཏང་འཛུགས་དགོངས་པ་སློབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཡིག་ཆའི་སྒྲོམ་གཞི་བཀོད་སྒྲིག་བྱེད་པ་དང་། གྲུབ་འབྲས་དང་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ། གནས་བབ་དང་ལས་འགན་དབྱེ་ཞིབ་བྱེད་པ། སློབ་སྟོན་བསམ་བློ་དང་རྩ་དོན་ཁ་གསལ་བཟོ་བ། སྲིད་ཇུས་དང་བྱེད་ཐབས་འདོན་པ་བཅས་ཀྱི་ཐད་དགོངས་པ་འདིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། མར་ཁེ་སི་རིང་ལུགས་ཀྱི་སྲིད་སྐྱོང་ཏང་འཛུགས་སྐྲུན་བྱེད་པའི་ཆོས་ཉིད་བརྩི་སྲུང་། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་ཆེའི་ཉམས་མྱོང་བེད་སྤྱོད་གང་ལེགས་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བ་དེ་བདེན་སྲུང་ཁྲོད་གསར་གཏོད་དང་རྒྱུན་འཛིན་ཁྲོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།

    གཉིས་པ། འགན་འཁྲི་དང་ལས་འགན་ལ་ཞབས་འདེགས་ཞུས་ཡོད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་བརྩི་བཀུར་བྱེད་པ་ནི་སྔར་ནས་བཟུང་ཏང་འཛུགས་སྐྲུན་བྱེད་པའི་རྩ་དོན་གལ་ཆེན་ཞིག་ཡིན། 《ཆོད་དོན》གྱི་མ་ཟིན་འགོད་སྐབས་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བ་རྒྱུན་འཁྱོངས་བྱས་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཏང་གི་འགན་འཁྲི་དང་ལས་འགན་མངོན་འགྱུར་བྱ་རྒྱུར་དམིགས་པ་དང་། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བ་དང་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་བར་གྱི་ནང་གནས་འབྲེལ་བ་སྟངས་འཛིན་བྱ་རྒྱུ་གཙིགས་སུ་བཟུང་ནས། སྲིད་ཇུས་དང་བྱེད་ཐབས་ཁག་འཆར་འགོད་བྱས་ནས་བཏོན་པ་ཚང་མ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོར་དམ་པོར་དམིགས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཕྱོགས་སོ་སོའི་བཀོད་སྒྲིག་ཚང་མ་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་འགན་ལེན་ཏན་ཏིག་བྱས་ཡོད།

    གསུམ་པ། ནན་པོའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ནན་པོར་ཐུག་ཡོད་པས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ངེས་པར་དུ་དཀྱུས་གཅིག་ཏུ་དོན་འཁྱོལ་དང་། མཐའ་གཅིག་ཏུ་ནན་པོ་བྱེད་དགོས། 《ཆོད་དོན》གྱི་མ་ཟིན་འགོད་སྐབས་ཏང་འཛུགས་སྐྲུན་གྱི་ལས་དོན་ཁག་གི་ཚད་གཞི་ནན་པོ་ཡིན་དགོས་པ་དང་། ཏང་རྩ་འཛུགས་རིམ་པ་ཁག་དང་། ཏང་ཡོན། ལས་བྱེད་པ་བཅས་ལ་སློབ་གསོ་དང་དོ་དམ་ལྟ་སྐུལ་བྱེད་པ་ནན་པོ་ཡིན་དགོས་པ། སྤྱོད་ཚུལ་མི་ལེགས་པ་དང་རུལ་སུངས་ཀྱི་སྣང་ཚུལ་བཅོས་སྒྲིག་བྱེད་ཐབས་ནན་པོ་ཡིན་དགོས་པ། ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་བྱེད་པ་ནན་པོ་ཡིན་དགོས་པ་བཅས་ཀྱི་བླང་བྱ་ཁོང་དུ་བརྟན་པོར་ཆུད་པར་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ཁག་སྔར་བས་གཏིང་ཟབ་དང་འཐུས་ཚང་དུ་བཏང་བ་དང་། རྗེས་ཕྱོགས་ཇེ་དམ་ནས་ཇེ་དམ་ཡིན་པའི་བརྡ་རྟགས་དྲག་པོ་གསལ་པོར་བསྟན་ཡོད། དུས་མཚུངས་སུ། དོ་དམ་ནན་པོ་དང་ལྟ་སྐྱོང་བྱམས་པོ་ཟུང་འབྲེལ་དང་། ངར་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས། ནན་པོ་གནད་དུ་ཐོན་པ་དང་གཅུན་འདོམས་གནད་དུ་ཐོན་པ་བྱས་ཤིང་། ཏང་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་སྐྲུན་རང་བཞིན་བཅས་ཀྱང་ངར་སྐྱེད་ཐུབ་པ་བྱས་ཡོད།

    བཞི་པ། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་འབུར་དུ་བཏོན་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པ་ནི་ཏང་ནང་གི་འབུར་ཐོན་གནད་དོན་ལ་དམིགས་ནས་སྤེལ་བ་ཞིག་ཡིན་ཞིང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་ངེས་པར་དུ་ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱེད་དགོས། 《ཆོད་དོན》མ་ཟིན་ནང་འགག་རྩའི་གནད་འགག་དམ་འཛིན་དང་། འབུར་ཐོན་གནད་དོན་ལ་དམིགས་ཏེ་ཇུས་འགོད་བཀོད་པ་བྱས་ཡོད། བསམ་ཕྱོགས་དང་བྱེད་ཐབས་ཇུས་འགོད་བྱེད་པར་གནད་དོན་ཅི་ཞིག་ཡོད་ན་དེ་ཐག་གཅོད་བྱ་རྒྱུ་དང་། གནད་དོན་ཅི་ཞིག་འབུར་ཐོན་ཡིན་ན་དེ་གཙོ་གནད་དུ་བཟུང་ནས་ཐག་གཅོད་བྱ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། གནད་དོན་གྱི་འགག་རྩ་ཡང་དག་པར་འཚོལ་བ་དང་ཞིབ་འཇུག་དང་རིགས་པས་ཁུངས་སྐྱེལ་གཏིང་ཟབ་བྱས་ཏེ་དམིགས་གཏད་རང་བཞིན་ཡོད་པའི་གཏད་ཇུས་བཏོན་ཡོད།

    ལྔ་པ། མ་ལག་གི་འདུ་ཤེས་ཆེ་རུ་བསྐྱེད་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་ནི་མ་ལག་ལྡན་པའི་ལས་གྲྭ་ཞིག་ཡིན་པས། ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་། བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ཁྲིམས་འཛུགས་སྐྲུན་བཅས་དང་། ལམ་ལུགས་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སོགས་ངེས་པར་དུ་སྤྱི་ཡོངས་དམ་ཚགས་ཤིག་ཏུ་བརྩིས་ནས་ཇུས་འགོད་དང་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མ་ལག་ཆ་ཚང་དུ་གཏོང་བར་ཤུགས་རྒྱག་དགོས། 《ཆོད་དོན》གྱི་མ་ཟིན་འགོད་སྐབས་དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ཏང་གི་ཆབ་སྲིད་འཛུགས་སྐྲུན་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་གི་ཕྱོགས་སོ་སོའི་འཛུགས་སྐྲུན་གྱིས་མཉམ་སྡེབ་ཤུགས་འདོན་དང་། སྲིད་ཇུས་དང་བྱེད་ཐབས་ཁག་སྦྲེལ་མཐུད་ཆ་འགྲིག་ཡོང་བར་གཙིགས་འཛིན། གོང་གིས་འོག་ལ་སྣེ་ཁྲིད་དང་། གནད་ཁྱོན་ཟུང་འབྲེལ། རྩ་ལག་མཉམ་བཅོས་བཅས་ལ་གཙིགས་འཛིན། གོང་འོག་གཅིག་འབྲེལ་དང་། འཕྲེད་གཞུང་ཟུང་འབྲེལ། མཉམ་འཛིན་མཉམ་སྒྲུབ་བཅས་ཀྱི་ལས་ཀའི་རྣམ་པ་ཆགས་པར་གཙིགས་འཛིན་བཅས་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྤྱི་ཡོངས་ཀྱི་ནུས་ཕྱོད་ཆེ་རུ་ཏན་ཏིག་བཏང་ཡོད།

    ཡིག་ཆའི་མ་ཟིན་འགོད་རིང་། ཏང་ཀྲུང་དབྱང་གིས་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཤིང་། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་ཡིན། ཟླ་1ཚེས་31ཉིན། ཏང་ཀྲུང་དབྱང་གིས་བརྡ་ཐོ་བཏང་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་དོན་ཐད་ལ་ས་ཁུལ་སོ་སོ་དང་། སྡེ་ཁག་སོ་སོའི་བསམ་འཆར་བསྡུ་ལེན་བྱས་པ་ཡིན། དུས་མཚུངས་སུ། གཙོ་གནད་ཞིབ་འཇུག་བྱ་གཞི་23དེ་སྡེ་ཚན་16ལ་ཞིབ་འཇུག་བྱ་རྒྱུའི་མངགས་བཅོལ་བྱས་པ་ཡིན། ཟླ་5ཚེས་6ཉིན། ངས་ཧྲང་ཧའེ་རུ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གཅིག་གི་འགན་འཁུར་བློ་མཐུན་གཙོ་བོའི་བསམ་འཆར་ལ་ཉན་པ་ཡིན། ཟླ་8ཚེས་3ཉིན། 《ཆོད་དོན》གྱི་མ་ཟིན་ཏང་ནང་གི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་བཀྲམས་ནས་བསམ་འཆར་བསྡུ་ལེན་བྱས་ཤིང་། དེར་ཏང་ནང་གི་བློ་མཐུན་རྒན་གྲས་ཁག་གཅིག་གི་བསམ་འཆར་བསྡུ་ལེན་བྱས་པའང་ཚུད་ཡོད། ད་དུང་དམངས་གཙོའི་ཏང་ཤོག་ཁག་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་བཅས་ཀྱི་བསམ་འཆར་ལ་ཡང་ཆེད་མངགས་ཉན་པ་ཡིན།

    ཕྱོགས་སོ་སོས་ངོས་འཛིན་གཅིག་མཐུན་བྱས་དོན། ཏང་ཀྲུང་དབྱང་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གནད་དོན་གཙོ་གནད་དུ་བཟུང་ནས་ཞིབ་འཇུག་བྱ་རྒྱུའི་གཏན་འབེབས་བྱས་པ་དེས་ང་ཚོའི་ཏང་གིས་རང་ངོས་འཛུགས་སྐྲུན་ལ་ཤུགས་རྒྱག་པའི་ཐད་རིག་པ་དྭངས་གསལ་ཚད་མཐོན་པོ་ཡིན་པ་དང་བློ་སྟོབས་བརྟན་པོ་ཡོད་པ་གང་ལེགས་མཚོན་ཡོད། 《ཆོད་དོན》གྱི་མ་ཟིན་ནང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་ཐད་འཐབ་ཇུས་ཀྱི་བཀོད་སྒྲིག་བྱས་ཡོད་པས། དུས་རབས་གསར་པའི་ཏང་འཛུགས་སྐྲུན་གྱི་ལས་གྲྭ་རླབས་པོ་ཆེ་གསར་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཡིག་ཆར་འགྱུར་ངེས་ཡིན་པ་དང་། དུས་རབས་གསར་པར་ཏང་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ལྡན་གཏོང་བའི་རྣམ་པ་གསར་པ་སྔར་ལས་ལྷག་པར་གཏོད་པ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཕྱོགས་ཡོངས་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བ་བཅས་ལ་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་དང་ཕུགས་ཡུན་རིང་བའི་མཛུབ་སྟོན་གྱི་དོན་སྙིང་ལྡན། དེ་དང་དུས་མཚུངས་སུ། ཕྱོགས་སོ་སོས་བསམ་འཆར་དང་གྲོས་འགོ་ལེགས་པོ་མང་པོ་བཏོན་འདུག ཡིག་ཆ་ཟིན་འགོད་ཚོ་ཆུང་གིས་རེ་རེ་བཞིན་ཞིབ་འཇུག་བྱས་ནས་བསྡུ་ལེན་བྱེད་ཐུབ་རིགས་བསྡུ་ལེན་གང་ཐུབ་བྱས་ཡོད།

    《ཆོད་དོན》གྱི་མ་ཟིན་འགོད་རིང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་3འཚོགས་པ་དང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་གྲོས་ཚོགས་ཐེངས་2འཚོགས་ཏེ་གྲོས་ཞིབ་བྱས་པ་དང་བཟོ་བཅོས་བརྒྱབ་ཐོག ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་གྲོས་ཞིབ་གནང་བྱར་ཕུལ་བའི《ཆོད་དོན》གྱི་མ་ཟིན་འདི་གྲུབ་པ་ཡིན།

    གསུམ། 《ཆོད་དོན》མ་ཟིན་གྱི་གཞི་རྩའི་སྒྲོམ་གཞི་དང་ནང་དོན་གཙོ་བོའི་སྐོར།

    《ཆོད་དོན》གྱི་མ་ཟིན་ལ་འགོ་བརྗོད་དང་མཇུག་བསྡུའི་གཏམ་ཕུད་ན་དུམ་ཚན་ཆེན་པོ་གསུམ་དུ་བགོས་ཡོད།

    དུམ་ཚན་དང་པོ་ནི་ཁག་དང་པོ་སྟེ་སྤྱི་བཤད་ཡིན། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་དང་སྤྱིའི་བླང་བྱ་བཅས་ཞིབ་བཤད་བྱས་པར་ཁྱོན་བསྡོམས་ཕྱོགས་5ཐད་ཀྱི་ནང་དོན་ཚུད་ཡོད་དེ། གཅིག་ནི་ལོ་ངོ་100ལྷག་རིང་ང་ཚོའི་ཏང་གིས་ཏང་འཛུགས་སྐྲུན་ལ་ཤུགས་རྒྱག་པར་དཀྱུས་གཅིག་ཏུ་དོན་འཁྱོལ་དང་། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་རྒྱུན་ཆད་མེད་པར་བསྐྱོད་པའི་འོད་སྟོང་འབར་བའི་ལོ་རྒྱུས་བརྒྱུད་རིམ་ལ་ཕྱིར་དྲན་བྱས་ཡོད། གཉིས་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱས་པར་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་ཕྱོགས་བསྡོམས་བྱས་ནས། དུས་རབས་གསར་པའི་ཏང་འཛུགས་དགོངས་པ་གྲུབ་པའི་དོན་སྙིང་ཆེན་པོ་ཞིབ་བཤད་བྱས་ཡོད། གསུམ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་ཕྲད་པའི་གནས་བབ་གསར་པ་དང་། ལས་འགན་གསར་པ། འགྲན་སློང་གསར་པ་བཅས་ལ་དབྱེ་ཞིབ་བྱས་ཡོད། བཞི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་སློབ་སྟོན་བསམ་བློ་བཏོན་ཡོད། ལྔ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བར་བརྩི་སྲུང་ཞུ་དགོས་པའི་རྩ་དོན་7གསལ་བཤད་བྱས་ཡོད།

    དུམ་ཚན་གཉིས་པ་ནི་རྒྱས་བཤད་ཡིན་ཞིང་། དེར་ཁག་གཉིས་པ་ནས་བརྒྱད་པའི་བར་ཚུད་ཡོད། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་སྲིང་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བའི་འཐབ་ཇུས་ཀྱི་ལས་འགན་དང་བྱེད་ཐབས་གནད་ཆེན་བཀོད་སྒྲིག་བྱས་ཡོད། དེའི་ནང་ཁག་གཉིས་པ“གུང་ཁྲན་ཏང་མིའི་ཏང་གཤིས་ཤུགས་ཆེ་རུ་གཏོང་དགོས”ཞེས་པའི་ནང་དུ་འདི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་རྩ་བའི་རང་བཞིན་གྱི་ལས་འགན་ཡིན་པ་ནན་བཤད་བྱས་ཏེ། ཏང་ལ་བློ་དཀར་བའི་སློབ་གསོ་གཏོང་ཤུགས་ཆེ་རུ་གཏོང་དགོས་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་བློ་སྒྲིལ་སེམས་སྐྱེད་བྱེད་པ་རྒྱུན་འཁྱོངས་བྱེད་དགོས་པ། ཏང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་བརྟེན་ནས་ཏང་གཤིས་གསོ་སྤེལ་བྱེད་དགོས་པ། ལག་ལེན་ཁྲོད་ཏང་གཤིས་ཞུན་བརྡར་བྱེད་དགོས་པ། ཏང་གཤིས་དབྱེ་འབྱེད་བྱེད་པར་ཤུགས་རྒྱག་དགོས་པ་བཅས་ཕྱོགས་5ཡི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་གསུམ་པ“དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་ནན་པོ་བྱེད་དགོས”ཞེས་པའི་ནང་དུ་འདི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་ནན་བཤད་བྱས་ཏེ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་རྒྱག་དགོས་པ་དང་། ཏང་ནང་གི་དམངས་གཙོའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། འགོ་ཁྲིད་ཚན་པའི་ཇུས་གཅོད་དོན་གྲོས་སྒྲིག་སྲོལ་ལག་བསྟར་ནན་པོ་བྱེད་དགོས་པ། “འགོ་ཁྲིད་དང་པོ”ཡི་འགན་སྒྲུབ་དབང་སྤྱོད་ཚད་ལྡན་དུ་གཏོང་དགོས་པ་བཅས་ཕྱོགས་4ཡི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་བཞི་པ“མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་ཐུབ་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་སྐྲུན་བཟོ་བྱེད་དགོས”ཞེས་པའི་ནང་དུ་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགག་རྩ་ནི་ལས་བྱེད་པར་དོ་དམ་ནན་པོ་བྱ་རྒྱུར་ཐུག་ཡོད་པ་ནན་བཤད་བྱས་ཏེ། མི་བཀོལ་སྤྱོད་བྱེད་པའི་ཁྲིད་ཕྱོགས་ཡང་དག་པ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་མི་འདེམས་སྤྱོད་བྱེད་དགོས་པ། ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་བར་སྐུལ་འདེད་གཏོང་དགོས་པ། ལས་བྱེད་པའི་ལས་སྒྲུབ་ལས་གཏོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་སྤུས་ཚད་མཐོ་རུ་གཏོང་དགོས་པ། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཕྱོགས་6གི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་ལྔ་པ“གོང་འོག་གཅིག་འབྲེལ་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་ཚགས་དམ་པོ་འཛུགས་སྐྲུན་བྱེད་དགོས”ཞེས་པའི་ནང་དུ་ཏང་གི་རྩ་འཛུགས་རིམ་པ་ཁག་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོ་ཡིན་པ་ནན་བཤད་བྱས་ཏེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། ས་གནས་ཏང་ཨུད་ཀྱི་བྱེད་ནུས་ཆེ་རུ་གཏོང་དགོས་པ། ཁྱབ་ཁོངས་ཁག་གི་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པར་གཅིག་འདོམས་ཀྱིས་སྐུལ་འདེད་གཏོང་དགོས་པ། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་སྐྲུན་འབུར་དུ་བཏོན་ནས་དམ་འཛིན་ཡག་པོ་བྱེད་དགོས་པ། ཏང་ཡོན་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཏང་གི་རྩ་འཛུགས་རིམ་པ་ཁག་གཅིག་འབྲེལ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་པ་བཅས་ཕྱོགས་6གི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་དྲུག་པ“འབད་འབུངས་ཆད་མེད་ཀྱིས་སྤྱོད་སྲོང་སྒྲིག་ནན་བྱེད་དགོས”ཞེས་པའི་ནང་དུ་འདི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་ཐབས་ནུས་ལྡན་ཡིན་པ་ནན་བཤད་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ལེགས་པར་སྐྱོད་དགོས་པ་དང་། སྙིང་རུས་འདོར་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་དགོས་པ། སྤྱོད་ཚུལ་འཛུགས་སྐྲུན་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས་པ། སྒྲིག་བསྟར་ནན་པོ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། སྒྲིག་ཁྲིམས་ཀྱི་སློབ་གསོ་གཅུན་འདོམས་དང་འགན་སྲུང་ངར་སྐུལ་གྱི་ནུས་པ་ཕྱོགས་བསྡུས་ཀྱིས་འདོན་སྤེལ་བྱེད་དགོས་པ་བཅས་ཕྱོགས་5ཡི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་བདུན་པ“བློ་བརྟན་འགྱུར་མེད་ཀྱིས་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་དགོས”ཞེས་པའི་ནང་དུ་འདི་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་མཛད་ཇུས་གལ་ཆེན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་བྱེད་ཕྱོགས་ཡིན་པ་ནན་བཤད་བྱས་ཏེ། རུལ་སུངས་ལ་ཆད་པ་གཅོད་པའི་ཟིལ་གནོན་གྱི་སྟངས་ཀ་མཐའ་འཁྱོངས་བྱེད་དགོས་པ་དང་། དབང་ཆ་འཁོར་སྐྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་པར་ཤུགས་རྒྱག་དགོས་པ། གཙང་བཀུར་རུལ་འགོག་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ཕྱོགས་བསྡུས་ནུས་ཕྱོད་ཆེ་རུ་གཏོང་དགོས་པ་བཅས་ཕྱོགས་4ཡི་ཐད་ནས་བཀོད་སྒྲིག་བྱས་ཡོད། ཁག་བརྒྱད་པ“ལམ་ལུགས་ལྟར་ཏང་སྐྱོང་བ་དང་ཁྲིམས་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་དགོས”ཞེས་པའི་ནང་དུ་ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྲུན་ལ་ཤུགས་རྒྱག་པ་ནི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཕུགས་ཡུན་རིང་པོའི་ཐབས་ཇུས་དང་རྩ་བའི་ཐབས་ཇུས་ཡིན་པ་ནན་བཤད་བྱས་ཏེ། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་མ་ལག་འཐུས་ཚང་དུ་གཏོང་དགོས་པ་དང་། ལམ་ལུགས་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས་པ། ལྐོག་སྲོལ་ཤུགས་ཆེན་པོས་རྩ་གཏོར་གཏོང་དགོས་པ་བཅས་ཕྱོགས་3གྱི་ཐད་ནས་བཀོད་སྒྲིག་བྱས་ཡོད།

    དུམ་ཚན་གསུམ་པར་ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་ཆབ་སྲིད་འགན་འཁྲི་དོན་འཁྱོལ་བྱེད་པ་ཚུད་ཡོད། ཕྱོགས་འདི་གཉིས་ཀྱི་ཐད་ནས་སོ་སོར་བཀོད་སྒྲིག་བྱས་ཡོད།

    བློ་མཐུན་རྣམ་པ། 《ཆོད་དོན》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ་ནི་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལས་འགན་གཙོ་བོ་ཡིན། ཚང་མས་བསམ་གཞིག་ནན་ཏན་དང་གྲོས་བསྡུར་གཏིང་ཟབ་བྱས་ཐོག དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འགོ་བཏོན་ནས་མཉམ་དུ་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཡག་པོར་འཚོག་དགོས་པ་དང་། 《ཆོད་དོན》གྱི་མ་ཟིན་ལ་བཟོ་བཅོས་ཡག་པོ་རྒྱག་དགོས།

    (ཀྲུང་གོ་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།