དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གློག་བརྙན་སྟོན་མཁན་པད་མ་རྡོ་རྗེས་ལོ་31རིང་ལམ་ཐག་སྤྱི་ལེ་ཁྲི་4ལྷག་ཙམ་བསྐྱོད་དེ་ཁྱོན་གློག་བརྙན་ཐེངས་4000ལྷག་ཙམ་བསྟན་པ།

    “གཟུགས་པོས་ལྕོགས་ན་ངས་མུ་མཐུད་མང་ཚོགས་ཀྱི་དགོས་མཁོ་ལྟར་གློག་བརྙན་སྟོན་པར་འགྲོ་གི་ཡིན”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-11-01

    པད་མ་རྡོ་རྗེས་བདེ་ལྕག་འཁྱུག་པོས་ཡོལ་བ་དཀར་པོ་བཀྲམ་ཞིང་གློག་བརྙན་བསྟན་པས་ས་མཐོའི་ཐོག་མེད་གློག་བརྙན་ཁང་དེ་འཁྲུག་ཆ་དོད་པོར་གྱུར། ཉིན་གང་ལས་ཀ་བྱས་ནས་དཀའ་ལས་ཁག་པའི་འབྲོག་པ་ཚོ་རུབ་རུབ་ཏུ་བསྡད་དེ་ཅི་འཕྲོས་མོལ་འཕྲོས་བྱེད་པའི་དགོད་སྒྲ་གང་སར་གྲགས། “དབྱར་རྩྭ་དགུན་འབུ་འཐུ་སྐབས་དཀའ་ལས་ཁག་པོ་འདུག་ཀྱང་། མཚན་མོ་གློག་བརྙན་ལྟ་རྒྱུ་བྱུང་ན་གཟུགས་པོ་ལྷོད་ཤིག་ཤིག་འདུག”ཅེས་འབྲོག་པ་ཚེ་རིང་གིས་བཤད་པའི་སྐད་ཆ་འདི་ནི་མི་ཚང་མའི་སེམས་གཏམ་རེད།

    ལྟད་མོར་དབྱིངས་ཚུད་པའི་ཡུལ་མི་ཚོ་མཐོང་སྐབས་པད་མ་རྡོ་རྗེའི་ངོ་གདོང་ལས་འཛུམ་མདངས་འཕྱུར། ཁོང་ད་ལོ་བོད་བཟོའི་སྡོད་ཁང་གསར་པའི་ནང་སྤོས་མ་ཐག་ཡིན་པ་དང་། སྒོ་ར་རྒྱ་ཆེ་ལ་གཙང་སྦྲ་དོད་པ་དང་དེང་རབས་ཅན་གྱི་ཁྱིམ་ཆས་ཆ་ཚང་ཡོད། ནམ་རྒྱུན་ཁོམ་པ་བྱུང་ཚེ་ཁོང་གིས་གློག་འདོན་འཕྲུལ་འཁོར་དང་གྲངས་འཛིན་གློག་བརྙན་སྟོན་བྱེད་ཀྱི་འཕྲུལ་འཁོར་རླངས་འཁོར་ནང་བཞག་སྟེ་རི་ཁུག་གི་འབྲོག་ཁུལ་དང་དབྱར་རྩྭ་དགུན་འབུ་འཐུ་སར་བསྐྱོད་དེ་མང་ཚོགས་ལ་གློག་བརྙན་སྟོན་གྱི་ཡོད། 1995ལོར་པད་མ་རྡོ་རྗེ་དངོས་སུ་ཏང་ནང་ཞུགས་པ་དང་། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིའི་འགན་གཅིག་ལྕོགས་ཁུར་བའི་ཁོང་གིས་རང་འགུལ་ངང་གྲོང་གསེབ་ཏུ་གློག་བརྙན་སྟོན་པར་སོང་སྟེ་ལོ་སུམ་ཅུ་སོ་གཅིག་རིང་རྒྱུན་འཁྱོངས་བྱས་པ་རེད།

    བགྲང་བྱ་སོ་གཅིག་རིང་། གློག་བརྙན་སྟོན་ཆས་ཀྱི་སྤྱིན་ཤོག་ལྕི་པོ་ནས་ཡང་ཞིང་སྟབས་བདེ་བའི་གྲངས་འཛིན་གློག་བརྙན་བར་འགྱུར་ལྡོག་ཕྱིན་ཡོད། ལོ་ཁ་ཤས་གོང་ཧའོ་སྨི་16གི་སྤྱིན་ཤོག་ཁུར་ནས་རི་ཁུལ་དུ་སྐྱོད་དགོས་པ་དང་། གློག་བརྙན་གཅིག་ལ་སྤྱིན་ཤོག་འགྲིལ་མ་ཁ་ཤས་ཡོད། གྲང་ངར་ཆེ་བའི་དགུན་དུས་སུ་རྟག་ཏུ་སྤྱིན་ཤོག་གས་ཆག་ཤོར་བ་དང་། དབོར་དཀའ་ལ་བརྙན་རིས་གསལ་པོ་མེད་པ། ཕྱིར་གློག་བརྙན་སྟོན་པར་འགྲོ་བར་ནུས་ཤུགས་ཆེན་པོ་འདོན་དགོས་ཀྱི་ཡོད། 2012ལོར་གྲངས་འཛིན་སྒྲིག་ཆས་བྱུང་བ་དང་གསོག་ཉར་གཱ་ཆུང་ཆུང་ཞིག་གི་ནང་གློག་བརྙན་མང་པོ་ཉར་ཚགས་བྱེད་ཐུབ་པས་འཕྲུལ་འཁོར་སྟབས་བདེ་ལ་འཁྱེར་བདེ་བ་མ་ཟད། བརྙན་རིས་དང་སྒྲ་གསལ་བ། ལ་ཀླུང་མང་པོ་བརྒྱུད་དགོས་རུང་སྟབས་བདེ་པོ་ཡོད། ལོ་སོ་གཅིག་རིང་། ཁོང་གིས་སྣང་གྲོང་རྡལ་སྐྱེམས་སྟོང་ཤང་གི་སྲིད་འཛིན་གྲོང་ཚོ་17དུ་བསྐྱོད་དེ་རིམ་རྩིས་བརྒྱབ་ན་གློག་བརྙན་ཐེངས་4000ལྷག་ཙམ་བསྟན་ནས་ས་མཐོའི་རི་ལམ་སྤྱི་ལེ་ཁྲི་4ལྷག་ཙམ་དུ་བསྐྱོད་ཡོད།

    ད་ཆ་སྣང་རྫོང་དུ་བརྙན་འཕྲིན་དང་རིག་ནུས་ལག་ཐོགས་ཁ་པར་མེད་པའི་མི་སེར་གཅིག་ཀྱང་མེད་པས་ཡུལ་མི་ཚོས་གྲོང་ཁྱེར་ནས་ཐོན་མི་དགོས་པར་གློག་བརྙན་གསར་པ་ལྟ་ཐུབ་ཀྱི་ཡོད། ནང་མི་དང་གྲོགས་པོ་མི་ཉུང་བ་ཞིག་གིས་ཁོང་ལ་ད་ཆ་གློག་བརྙན་ལྟ་སའི་ཐབས་ལམ་མང་པོ་ཡོད་པ་དང་། ཐང་སྟོང་དུ་གློག་བརྙན་ལྟ་བར་ཡོང་མཁན་ཡུལ་མི་ཉུང་ཉུང་ཡིན་པས་ལོ་འཁོར་མོར་རི་ཀླུང་བརྒལ་ནས་གློག་བརྙན་སྟོན་རིན་མེད་ཅེས་ཁ་ཏ་བསླབ་བྱ་བྱས་རུང་། པད་མ་རྡོ་རྗེས་ཐག་རིང་འབྲོག་ཁུལ་གྱི་དྲ་རྒྱའི་བརྡ་རྟགས་ཞན་པ་དང་རྒན་གསོ་ཁང་གི་རྒན་རྒོན་ཚོས་མཐོང་སྣང་ཆེ་བའི་གློག་བརྙན་ལྟ་བར་རེ་སྒུག་བྱེད་པ་གསལ་པོར་ཤེས་ཀྱི་ཡོད། རྒན་རྒོན་ཚོས“པད་མ་རྡོ་རྗེ་ཕེབས་འདུག”ཅེས་འབོད་པ་ཐོས་པའམ་ཡང་ན་འབྲོག་པ་ཚོ་གློག་བརྙན་གསར་པ་ལྟ་འདོད་ཡོད་པ་ཙམ་གྱིས་དཀའ་ལས་ཚང་མ་རྒྱག་རིན་ཡོད་པའི་སྣང་བ་ཡོང་གི་ཡོད།

    ཡོལ་དཀར་གློག་བརྙན་ཡང་རིམ་གྱིས་གསར་བརྗེ་བྱེད་བཞིན་ཡོད་པ་དང་དེ་སྔའི《ས་ཕུག་དམག་འཐབ》ཅེས་པའི་ཚོན་ཁྲ་མིན་པའི་གློག་བརྙན་རྙིང་པ་ནས་ད་ཆའི《ང་དང་ངའི་མེས་རྒྱལ》དང《མཚོ་དམར་བྱ་སྤྱོད》སོགས་བརྗོད་དོན་གཙོ་བོའི་གློག་བརྙན་པར་གཞི་དང་སྐོར་སྐྱོད་གློག་བརྙན་སྤུས་ལེགས་རེ་རེས་འབྲོག་པའི་སོས་དལ་གྱི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་མ་ཟད། ཞིང་ཕན་སྲིད་ཇུས་དང་ཚན་རིག་ཁྱབ་གདལ་གྱི་རྒྱུན་ཤེས་ཀྱང་རི་ཁུག་ཏུ་ཁྱབ་པར་བྱས་ཡོད། ལོ་མང་གི་འབད་བརྩོན་ལ་བརྟེན་ནས་པད་མ་རྡོ་རྗེས་སྔ་རྗེས་སུ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི་སྔོན་ཐོན་བྱ་དགའ་མང་པོ་བླངས་ཡོད། སྒྲིག་ཆས་གསར་པ་བརྗེ་བ་དང་། འགྲོ་ལམ་རྒྱ་ཆེར་ཕྱིན་པ། འཚོ་བ་གྲ་རྒྱས་སུ་ཕྱིན་པ་བཅས་བྱུང་རུང་། ཕ་ཡུལ་ལ་གཞི་ཚུགས་ནས་དམངས་ལ་གློག་བརྙན་སྟོན་པའི་ཐོག་མའི་བསམ་འདུན་ལ་ནམ་ཡང་འགྱུར་ལྡོག་བྱུང་མེད།

    “གཟུགས་པོས་ལྕོགས་ན་ངས་མུ་མཐུད་མང་ཚོགས་ཀྱི་དགོས་མཁོ་ལྟར་གློག་བརྙན་སྟོན་པར་འགྲོ་གི་ཡིན”ཞེས་པད་མ་རྡོ་རྗེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།