གངས་ལྗོངས་ས་མཐོའི་མཚན་མོ། འཚོ་བའི་དྲོ་སྐྱིད་ཟབ་མོ།
བོད་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མཚན་མོའི་དཔལ་འབྱོར་གྱིས་དམངས་འཚོའི་དྲོ་སྐྱིད་གསར་པ་འཕེལ་བར་བྱས་པའི་སྐོར་བཀོད་པ།

འདི་ནི་ས་སྲོས་སྐབས་ཀྱི་ཡར་ཀླུང་རིག་གནས་སྒྱུ་རྩལ་ཁྲོམ་གཞུང་གི་ཟུར་ཞིག་ཡིན་པ།

འདི་ནི་གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་མཚན་ཁྲོམ་དུ་ཚོང་པས་ཁྲོམ་བཀྱག་ཐོག་སིལ་ཟས་བཟོ་བཞིན་པ།

འདི་ནི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་གི“གངས་རི་འཁྱགས་རོམ་འགྲམ་གྱི་དམངས་ཀྱི་བདེ་ལྡན་འཚོ་བ”ཞེས་པའི་ཁྱད་ལྡན་ཚོང་འདུས་ཀྱི་འཛུལ་སྒོ་ཡིན་པ།

འདི་ནི་ལྷ་ས་གྲོང་ཁྱེར་ཐེན་ཧའེ་མཚན་ཁྲོམ་གྱི་ཞིམ་ཟས་ཁུལ་ཡིན་པ།

འདི་ནི་ཡར་ཀླུང་རིག་གནས་སྒྱུ་རྩལ་ཁྲོམ་གཞུང་གི་ཟུར་ཞིག་ཡིན་པ།

འདི་ནི་མངའ་རིས་ས་ཁུལ་གྱི་གཞོན་ནུ་ཞིག་གིས་མཚན་ཁྲོམ་དུ་ཚ་ཁ་ལྟ་བའི་རྩེད་མོ་རྩེ་བཞིན་པ།

འདི་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་མཚན་ཁྲོམ་དུ་ཚོང་པས་ཁྲོམ་བཀྱག་ཐོག་སིལ་ཟས་བཟོ་བཞིན་པ།
ལྷ་ས་གྲོང་ཁྱེར།
ལོ་ངོ་ཉི་ཤུའི་མཚན་ཁྲོམ་གྱི། ལྗགས་སྨིན་དྲི་ཞིམ་ཕྱོགས་བཞིར་འཐུལ།
ས་སྲོས་ཀྱི་མཚམས་སུ། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཐེན་ཧའེ་མཚན་ཁྲོམ་གྱི་གློག་འོད་རབ་ཏུ་འཚེར། 1999ལོར་ཁྲོམ་ར་སྒོ་ཕྱེ་བ་ནས་ད་བར་ལོ་20ལྷག་ཙམ་སོང་ཡོད།
2024ལོར་ལྷ་སས《མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་མྱུར་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཏོན་ནས་2025ལོར་སླེབས་སྐབས་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་10དང་མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་20བསྐྲུན་ཏེ། “ལྷ་སའི་མཚན་ཁྲོམ”དེ་རྒྱལ་ཡོངས་ཀྱི་མཚན་མོའི་དཔལ་འབྱོར་གྱི་སྤུས་རྟགས་གྲགས་ཅན་དུ་གཏོད་རྒྱུ་དང་འབྲེལ་མཚན་མོའི་འཛད་སྤྱོད་དེ་མཚན་མོའི་ཉོ་སྒྲུབ་དང་། མཚན་མོའི་གསོལ་ཚིགས། མཚན་མོའི་ཡུལ་སྐོར་སོགས་ཕྱོགས་10ལ་དབྱེ་རྒྱུ་ཁ་གསལ་བཏོན་ཡོད། ཐེན་ཧའེ་མཚན་ཁྲོམ་ལོ་དེ་རང་ལ་རིམ་སྤོར་ལེགས་གྲུབ་བྱུང་ནས་དཔེ་སྟོན་ས་ཚིགས་ཁག་ཐེངས་དང་པོར་གྱུར་ཏེ། སྒྲིག་བཀོད་དང་། སྒྲིག་ལམ། གཉེར་སྐྱོང་ཚད་གཞི་བཅས་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།
ཆབ་མདོ་གྲོང་ཁྱེར།
བོད་ཤར་མཚན་མོའི་ཡུལ་ལྗོངས་མཛེས། འཛད་སྤྱོད་གསོན་ཤུགས་རབ་ཏུ་འཕེལ།
ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གྱིས་ས་མཐོའི་གྲོང་ཁྱེར་གྱི་ཁྱད་ཆོས་ལ་གཞི་ཚུགས་ཏེ། ཡུལ་དེ་གའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་། རིག་གནས་དང་ཡུལ་སྐོར་ཐོན་ཁུངས་དང་མཚན་མོའི་འཛད་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་བས། མཚན་མོའི་དཔལ་འབྱོར་དང་། མཚན་ཁྲོམ་ཁྲོམ་གཞུང་། མཚན་མོའི་འཁྲབ་སྟོན། ཁྱད་ལྡན་བཟའ་བཏུང་། སྤྲོ་གསེང་མྱོང་རོལ་སོགས་ཀྱི་ལས་རྣམ་མང་པོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཆེན་པོ་བྱུང་ཞིང་། གྲོང་ཁྱེར་གྱི་འཛད་སྤྱོད་གསོན་ཤུགས་རྒྱུན་མཐུད་འཕེལ་བར་བྱས་ཡོད།
མཚན་མོའི་དཔལ་འབྱོར་གྱི་ཚ་རླབས་རབ་ཏུ་འཕྱུར་བ་དེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད། ཆབ་མདོ་གྲོང་ཁྱེར་གྱིས་འཛད་སྤྱོད་དང་མཚན་མོའི་དཔལ་འབྱོར་ཟུང་དུ་འབྲེལ་ནས་མཚན་ཁྲོམ་གྱི་ཆེད་སྤྱོད་འཛད་སྤྱོད་འཛིན་ཤོག་སྤྲོད་པ་དང་ཚོང་ཁང་དུ་རིན་གོང་གཅོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁྲོམ་ར་འཁྲུག་ཏུ་བཏང་ཡོད།
ལྷོ་ཁ་གྲོང་ཁྱེར།
མཚན་ཁྲོམ་ཡར་ངོའི་ཟླ་ལྟར་འཕེལ། ཡར་ཀླུང་ཚོང་ལམ་རབ་ཏུ་རྒྱས།
ཉི་མ་ནུབ་རིར་བཞུད་མཚམས་སུ། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཡར་ཀླུང་རིག་གནས་སྒྱུ་རྩལ་ཁྲོམ་གཞུང་དུ་གློག་འོད་ཆེམ་ཆེམ་དུ་འཕྲོ། རྒྱ་ཁོག་ཟ་ཁང་གི་རྒྱ་ཁོག་གི་དྲི་ཞིམ་ས་མཐོའི་མཚན་མོའི་རླུང་ཕྱོགས་དང་འགྲོགས་ཏེ་གང་སར་འཐུལ་ནས་ས་མཐོའི་མཚན་མོར་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་ངང་གིས་སྟེར།
མཚན་ཁྲོམ་འཁྲུག་ཆ་དོད་དུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་ཡར་ཀླུང་ཁྲོམ་གཞུང་གི་ལེ་ལག་ཚང་བའི་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏོང་རྒྱུར་དམིཌ་ནས། “མཚན་མོར་ལྷོ་ཁའི་ཁྲོམ་གཞུང་སྐོར་བའི”བརྗོད་དོན་གཙོ་བོའི་ལམ་ཐིག་བཏོད་དེ་ཁྲོམ་གཞུང་གིས་མཚན་མོའི་དཔལ་འབྱོར་དང་། འགྲན་བསྡུར་དཔལ་འབྱོར། ཐད་གཏོང་དཔལ་འབྱོར། ཕུད་འགྲེམས་དཔལ་འབྱོར་བཅས་དུས་གཅིག་ཏུ་སྐྱེད་སྲིང་བྱས་ཏེ། དྲ་ཕྱིའི་ཉམས་ལེན་དང་། དྲ་ཐོག་གི་རང་སའི་ཐད་འཚོང་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་བཏོད་པས་ཡར་ཀླུང་རིག་གནས་སྒྱུ་རྩལ་ཁྲོམ་གཞུང་དུ་ཁྲོམ་འདོན་མཁན་85%ཟིན་ཞིང་། ད་ལོའི་ཟླ་བརྒྱད་པ་བར། རིམ་རྩིས་བརྒྱབ་ན་གྲོང་མི་དང་ཡུལ་སྐོར་བ་མི་ཐེངས་ཁྲི་47.92ལ་སྣེ་ལེན་ཞུས་པར་འཛད་སྤྱོད་དངུལ་འབོར་སྒོར་ཁྲི་2461.3ཟིན་ཡོད།
གཞིས་རྩེ་གྲོང་ཁྱེར།
ཕུན་ཚོགས་རོ་བཅུད་དཔལ་ལ་རོལ། ལོངས་སྤྱོད་མྱོང་བ་སྔར་བས་ཟབ།
ས་སྲོས་ཀྱི་མཚམས་སུ། ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་དུ་གློག་སྒྲོན་རིམ་བཞིན་སྤར་བ་དང་བསྟུན་ནས་གམ་པའི་ལུག་ཤའི་དྲི་ཞིམ་དང་། ཝུའུ་ཧན་གྱི་ཐུག་པའི་དྲི་ཞིམ་མཚན་མོའི་རླུང་ཕྱོཌ་དང་བསྟུན་ནས་དྲི་འཛིན་དབང་པོར་འཐུལ་འོང་ལ་མི་སེར་གྱི་གར་སྟེགས་ཆེན་པོ་ལས་སྙན་པའི་གླུ་དབྱངས་ཡང་ཡང་གྲགས་འོང་། ཟླ་6ཚེས་19ཉིན་ནས་བཟུང་། ཇོ་མོ་གླང་མའི་མཚན་ཁྲོམ་གཉེར་སྐྱོང་ཚོད་ལྟ་བྱེད་འགོ་བརྩམས་ནས་ས་མཐོའི་གྲོང་ཁྱེར་འདི་ཉིད་ས་རུབ་པ་དང་ཆབས་ཅིག་འཁྲུག་ཆ་དོད་པོར་གྱུར།
མཚན་ཁྲོམ་ནི་གཙོ་བོ་ཞིམ་ཟས་ཟ་བ་དང་ཁྲོམ་སྐོར་བ་ཙམ་མ་ཡིན་པར་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་གསར་གཏོད་ཐོན་ལས་གླིང་གིས་གཞིས་རྩེའི་ཟློས་གར་ཁང་དང་། གཞིས་རྩེའི་རྟེན་མཛོད་ཁང་། མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་ལྟེ་གནས་བཅས་མཚན་ཁྲོམ་དང་ཡུག་གཅིག་ཏུ་སྦྲེལ་ནས་རིག་རྫས་འགྲེམས་ཚོགས་དང་། ཞིབ་སྦྱོང་། སྤྲོ་གསེང་། རིག་རྩལ་འཁྲབ་སྟོན་ལ་ལྟ་བ་བཅས་ཟུང་དུ་འབྲེལ་བའི་གཞི་གཅིག་ཅན་གྱི་ཉམས་ལེན་བྱ་ཡུལ་ཞིག་ཀྱང་ཡིན།
ནག་ཆུ་གྲོང་ཁྱེར།
བྱང་ཐང་ས་མཐོའི་མཚན་ཁྲོམ་དུ། དམངས་ཕན་དམངས་ཕྱུག་ཚ་རླབས་འཕྱུར།
གློག་སྒྲོན་སྤར་མ་ཐག ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཡོག་རྫོང་རྒལ་ལམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་འཁྲུག་ཆ་ཧ་ཅང་དོད། ཉིན་བཅོ་ལྔའི་རིང་གི“གླིང་སྣེའི་ནག་ཆུ། ངོ་མཚར་སྦྲ་ཆེན”ཞེས་པའི་མཚན་མོའི་དཔལ་འབྱོར་བྱེད་སྒོ་དེ་གར་སྤེལ་བས་ས་མཐོའི་གྲོང་རྡལ་ཆུང་ངུ་དེར་མི་ཚོགས་མང་བ་དང་སྐྱིད་སྣང་སྔར་བས་དོད་དུ་ཕྱིན་ཡོད་པ་རེད།
ཉིན་བཅོ་ལྔའི་རིང་། མཚན་མོའི་དཔལ་འབྱོར་བྱེད་སྒོར་མི་ཚོགས་མང་པོ་འཛོམས་པ་མ་ཟད། འབབ་འཕར་གྱི་གོ་སྐབས་མང་ཚོགས་ཀྱི་སྒོ་ཁར་བྱུང་ནས་འཛད་སྤྱོད་ལ་སྐུལ་ཁྲིད་ཀྱི་ཕན་འབྲས་ཀྱང་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། བྱེད་སྒོའི་ནང་ས་གནས་དེ་གའི་ཞིང་འབྲོག་པ་དང་གཉེར་སྐྱོང་བྱེད་པོ་ཆུང་གྲས་བསྡུ་ལེན་ཧུར་ཐག་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་པར་འབབ་འཕར་གྱི་ལས་སྟེགས་བསྐྲུན་པ་དང་། ཞིང་འབྲོག་དུད་ཚང་36གིས་ཁྱད་ལྡན་འབྲོག་ལས་ཐོན་རྫས་དང་ལག་ཤེས་ཐོན་རྫས་འགྲེམས་ཚོང་བྱས་པ་བརྒྱུད་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་མང་ཚོགས་ཀྱི་དངུལ་སྨར་གྱི་ཡོང་འབབ་ཏུ་འགྱུར་བར་བྱས་ཡོད།
མངའ་རིས་ས་ཁུལ།
ཞང་ཞུང་མཚན་མོའི་ཁྲོམ་གཞུང་། དམངས་འཚོ་དར་བའི་ལས་སྟེགས།
མུན་རུབ་པ་དང་བསྟུན། ས་བབ་སྨི་4300ཟིན་པའི་སེང་གེ་ཁ་འབབ་གྲོང་རྡལ་དུ་ཉིན་མོའི་ཚ་གདུག་དལ་གྱིས་འཇགས་ཤིང་། མངའ་རིས་ས་ཁུལ་གྱི་རིག་གནས་ཐང་ཆེན་གྱི་ཞང་ཞུང་མཚན་ཁྲོམ་འཁྲུག་ཆ་དོད་ཤོས་ཀྱི་དུས་སུ་སླེབས།
མཚན་མོའི་ཁྲོམ་རའི་དཔལ་འབྱོར་དེ“དམངས་ཕྱུག་དཔལ་འབྱོར”ཞིག་ཏུ་གཏོད་ཆེད། མངའ་རིས་ས་ཁུལ་གྱིས་འཛད་སྤྱོད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་ཁྲོམ་བཀྱག་དང་། དོ་དམ། འཕྲོད་བསྟེན་བཅས་ཀྱི་གྲོན་དངུལ་རྩ་ཆག་གཏོང་བ་དང་། ཁྲོམ་བཀྱག་གི་བཀོད་པ་གཅིག་གྱུར་འཆར་འགོད་སོགས་སྤྱོད་གོ་ཆོད་པའི་བྱེད་ཐབས་རབ་དང་རིམ་པ་བརྒྱུད་མཚན་མོའི་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་རྒྱུན་མཐུད་སྐུལ་སློང་བྱས་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་གྱི་འཛད་སྤྱོད་དགོས་མཁོ་སྐོང་བར་འགན་སྲུང་བྱས་ཡོད།
ཉིང་ཁྲི་གྲོང་ཁྱེར།
མཚན་ཁྲོམ་འཁྲུག་ཆ་དོད། ཡུལ་སྐོར་དར་ཞིང་རྒྱས།
མུན་རུབ་པ་དང་ཆབས་ཅིག ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་དུ་གློག་སྒྲོན་ཁྲ་ཆིལ་ལེར་གསལ་བ་དང་མི་ཚོགས་ཀྱང་ཇེ་མང་དུ་སོང་། ཞི་འཇམ་གྱི་མཚན་ལྗོངས་དང་འཁྲུག་ཆ་དོད་པའི་ཁྲོམ་གཞུང་ཡང་གཅིག་ལ་གཅིག་བརྒྱན་གྱི་ཚུལ་དུ་གནས།
དེའི་ནང་འཁྲུག་ཆ་དོད་ཤོས་ནི་མཐུན་སྒྲིལ་ཐང་ཆེན་དུ་འཁྲབ་པའི་སྒོར་གཞས་རེད། དགོང་མོའི་ཆུ་ཚོད་9པ་ཙམ་ལ། ཐང་ཆེན་ནས་སྒོར་གཞས་ཀྱི་རོལ་དབྱངས་དུས་ཐོག་ཏུ་གྲགས།
ཐང་ཆེན་གྱི་ཉེ་འགྲམ་དུ“གངས་རི་འཁྱགས་རོམ་འགྲམ་གྱི་དམངས་ཀྱི་བདེ་ལྡན་འཚོ་བ”ཞེས་པའི་ཁྱད་ལྡན་ཚོང་འདུས་ཀྱིས་ཀྱང་སྤོ་བོའི་ཡུལ་གྱི་མཚན་མོར་གྲོང་ཁྱེར་གྱི་ཉམས་འགྱུར་ཟབ་མོ་ཞིག་བསྣན་ཡོད། ཚོང་འདུས་ཀྱི་ཚོང་པ་ལི་ལགས་ཀྱིས“དགོང་མོར་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་པ་དང་། གྲོང་མི་དང་ཡུལ་སྐོར་བ་རྒྱུན་མི་ཆད་པར་བརྟེན། འགྲུལ་ཁུངས་བརྟན་པོ་དང་གཉེར་སྐྱོང་བློ་བདེ་པོ་ཡོད། ང་ཚོས་གྲོང་ཁྱེར་བཅོས་སྐྱོང་གི་ཕན་བདེ་དངོས་སུ་ཚོར་བྱུང”ཞེས་མྱོང་ཚོར་ཟབ་མོས་བརྗོད།
འབྲེལ་ཡོད་གསར་འགྱུར།