ཟི་ལིང་གི་ཁེ་ལས་16ཀྲུང་གོའི་སྤུས་རྟགས་ཕྱི་རྒྱལ་དུ་གཏོང་བའི་འགྲེམས་ཚོགས་སྐབས་དང་པོར་ཞུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གྲོང་ཁྱེར་ཡོངས་ཀྱི་སྤུས་ལེགས་ཕྱི་ཕྱོགས་ཚོང་དོན་ཁེ་ལས་16སྒྲིག་འཛུགས་བྱས་ནས། ཧའེ་ནན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་བསྐྱོད་དེ“སྤུས་རྟགས་ཕྱི་རྒྱལ་དུ་གཏོང་རྒྱུར་ཞབས་འདེགས་ཞུ། གོ་ལ་ཧྲིལ་པོའི་ཁྲོམ་ར་མཉམ་སྤྱོད་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོའི་སྤུས་རྟགས་ཕྱི་རྒྱལ་དུ་གཏོང་བའི་འགྲེམས་ཚོགས་སྐབས་དང་པོར་ཞུགས་པ་དང་། རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ཚོང་དོན་སྦྲེལ་མཐུད་ལས་སྟེགས་ལ་བརྟེན་ནས་ཚོགས་པ་བསྒྲིགས་ཏེ་ཕྱི་རྒྱལ་དུ་བསྐྱོད་པ་དང་། ཚོང་དོན་གྱི་གོ་སྐབས་རྒྱ་སྐྱེད་པ། མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད།
ཟི་ལིང་གྲོང་ཁྱེར་གྱིས་འགྲེམས་ཚོགས་ཀྱི་གོ་སྐབས་ལ་དམ་འཛིན་གནད་སྨིན་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་ཁེ་ལས་16སྒྲིག་འཛུགས་ཀྱིས་ལིས་གློག་དང་ཚྭ་མཚོའི་རྒྱུ་ཆ་གསར་པ་དང་། འོད་ཤུགས་ཀྱི་ནུས་རྒྱུ་གསར་པ། ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ལས། མི་རིགས་བསམ་བཀོད་སོགས་ཟི་ལིང་གི་ཁྱད་ལྡན་ལེགས་ཆའི་ཐོན་རྫས་གཅིག་སྡུད་འགྲེམས་སྟོན་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཉོ་སྒྲུབ་ཚོང་པ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པ། ཕྱི་རྒྱལ་གྱི་ཁྲོམ་རའི་བར་མཐོངས་ནུས་ཤུགས་ཡོད་རྒུས་རྒྱ་ཆེར་གཏོང་བ་བཅས་བྱས་ནས། འགྲེམས་ཚོགས་ལས་སྟེགས་ཀྱི་རྒྱུགས་འབོར་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་འགྱུར་བར་བརྩོན་ལེན་བྱས་ཡོད།
ད་ཐེངས་འགྲེམས་ཚོགས་ཀྱི་ལས་སྟེགས་ལ་བརྟེན་ཏེ་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཁྲོམ་རའི་འཕེལ་ཕྱོགས་གསར་ཤོས་དང་འབྲེལ་གཏུག་ཟབ་མོ་བྱས་ནས་ཚོང་ཤག་གི་ཐོན་ཁུངས་ཐབས་ལམ་རྒྱ་ཆེར་བཏང་ནས་ཨེ་ཤེ་ཡ་ཤར་ལྷོ་དང་དེ་བཞིན་གོ་ལ་ཧྲིལ་པོའི་ཁྲོམ་ར་གསར་འབྱེད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་རྒྱུ་རེད།
ཟི་ལིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། འགྲེམས་ཚོགས་ཀྱི་གྲུབ་འབྲས་གཞན་སྒྱུར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས། འགྲེམས་ཚོགས་ནང་ཞུགས་པའི་ཕན་འབྲས་ལ་བརྒྱུད་རིམ་ལྡན་པའི་གསེད་བཀྲོལ་ཕྱོགས་སྡོམ་དང་། འདོད་མཐུན་མངགས་ཐོ་དང་མཉམ་ལས་ཀྱི་ཁུངས་སྣེ་ཁྱོན་ཡོངས་ནས་རྗེས་སྙེག་དོན་འཁྱོལ་བྱས་ཏེ་དོན་འཁྱོལ་གནད་སྨིན་གྱི་ཞབས་འདེགས་ཞུ་རྒྱུ་རེད། དེ་དང་ཆབས་ཅིག་འགྲེམས་ཞུགས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་ཡག་པོ་བྱས་ནས། རྒྱུན་རྣམ་ཅན་གྱི་སྒོ་ནས་རྒྱལ་ཁབ་རིམ་པའི་ཕྱི་ཕྱོགས་ཚོང་དོན་འགྲེམས་ཚོགས་ཀྱི་ལས་སྟེགས་སྣ་ཚོགས་ལ་བརྟེན་པ་དང་། ས་གནས་དེ་གའི་སྤུས་ལེགས་ཁེ་ལས་རང་འགུལ་ངང“ཕྱིར་སྐྱོད་རྒྱུར”ཁྲིད་སྟོན་བྱེད་པ། “མཚོ་སྔོན་མིང་ཅན”གྱི་ཐོན་རྫས་རྒྱལ་སྤྱིར་སྐད་གྲགས་ཆོད་ཚད་དང་ཁྲོམ་ར་བཟུང་ཚད་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།
འབྲེལ་ཡོད་གསར་འགྱུར།