མཚོ་སྔོན་གྱིས་སྨན་བཅོས་རོགས་སྐྱོབ་གནད་སྨིན་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་མཉམ་དུ་ཆ་འཕྲིན་ཤེས་རྟོགས་དང་། རིམ་དབྱེ་བརྒྱུད་སྤྲོད། ཞིབ་བཤེར་འགན་སྲུང་བཅས་ཀྱི་གདུབ་ཟུམ་རྣམ་པའི་ལས་ཀའི་མ་ལག་ཆེན་པོ་གསུམ་བཙུགས་པ་དང་། སྨན་བཅོས་སྒྲིག་གཞིས་མདུན་ནས་གྲལ་བཤེར་དང་དམངས་སྲིད་སྡེ་ཚན་གྱིས་རྒྱབ་ནས་རོགས་སྐྱོབ་བྱེད་པའི་མཉམ་འགུལ་བགྲོད་ལམ་བཏོད་དེ། སྨན་བཅོས་རོགས་སྐྱོབ་དེ“མང་ཚོགས་ཀྱིས་རེ་ཞུ་བྱེད་པ་དང་གཞན་དབང་གིས་བདག་སྤྲོད་བྱེད་པ”ནས“རང་འགུལ་གྱིས་གྲལ་བཤེར་དང་ཤེས་རྟོགས་གནད་སྨིན”བྱེད་པའི་བར་འགྱུར་བར་སྐུལ་འདེད་བཏང་ནས་སྨན་བཅོས་རོགས་སྐྱོབ་ཀྱི་ཐ་སྐྱོང་འགན་སྲུང་དྲ་བ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་ཡོད།
མཚོ་སྔོན་གྱིས་རིམ་ཁག་སྨན་བཅོས་སྒྲིག་གཞིས་རང་འགུལ་ངང་གྲལ་བཤེར་བྱེད་པའི་འགན་འཁྲི་ཁ་གསལ་བཟོས་ཏེ་དོས་དྲག་མྱུར་སྐྱོབ་དང་། ནད་གཞི་ཚབས་ཆེན། བསམ་ཡུལ་ལས་འདས་པའི་རྨས་སྐྱོན། གཅོང་ནད་སྨན་བཅོས་སོགས་རང་ངོས་ནས་སྨན་རིན་མཐོ་པོ་སྤྲོད་དགོས་པའི་ཚོགས་སྤྱིར་དམིགས་ཏེ་འཚོ་བར་དཀའ་ངལ་ཡོད་པའི་ནད་པར་རྒྱུན་རྣམ་ཅན་གྱི་གྲལ་བཤེར་བྱས་པ་དང་། རྟགས་བཤེར་ཡིག་ཐོག་སྙན་ཞུ་དང་ཐོ་འགོད་སྙན་ཞུ་ཟུང་དུ་འབྲེལ་བའི་ཕྱོགས་གཉིས་ཀྱི་རྣམ་པ་ཁྱབ་གདལ་བཏང་སྟེ། དམངས་སྲིད་སྡེ་ཚན་གྱིས་དྲིལ་བསྒྲགས་དཔྱད་གཞི་དང་། རྩ་གཉིས་བཤེར་རྟགས་བརྡ་ཁྱབ། ཆ་འཕྲིན་ཐོ་འགོད་རེའུ་མིག་བཅས་གཅིག་གྱུར་བཟོ་བ་དང་། སྨན་བཅོས་སྒྲིག་གཞིས་སྒོ་བསྟེན་སྨན་ཁང་དང་། ནད་སྡོད་ཁང་། དོས་དྲག་སོགས་གཙོ་གནད་ས་ཁོངས་སུ་རྒྱུན་རྣམ་ཅན་གྱི་སྤྱི་བསྒྲགས་སྦྱར་ནས་ནད་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་རོགས་སྐྱོབ་སྤྱི་པའི་ཞབས་ཞུའི་རྩ་གཉིས་བཤེར་རྟགས་ནས་རང་བརྟེན་ངང་ཡིག་ཐོག་སྙན་ཞུ་བྱེད་པར་ཁྲིད་སྟོན་དང་། དྲ་ཐོག་ནས་སྙན་ཞུ་བྱེད་མི་ཤེས་པའི་མང་ཚོགས་ལ་སྨན་བཅོས་སྣེ་ཁྲིད་པས་ས་གནས་ས་ཐོག་ཏུ་ཡིག་ཐོག་སྙན་ཞུའམ་ཡང་ན་ཆ་འཕྲིན་ཐོ་འགོད་བྱེད་པར་མཛུབ་ཁྲིད་བྱས་རྗེས་དམངས་སྲིད་སྡེ་ཚན་ལ་སྐྱེལ་གྱི་ཡོད།
ཞིང་ཆེན་རིམ་པའི་སྤྱི་ཚོགས་རོགས་སྐྱོབ་ཆ་འཕྲིན་ལས་སྟེགས་ལ་བརྟེན་ནས་རོགས་སྐྱོབ་ཆ་འཕྲིན་གཅིག་གྱུར་བསྡུ་རུབ་དང་རིགས་དབྱེ་ཁག་བགོས་ཡོང་བར་བྱས་ཤིང་། ས་གནས་དེ་གའི་ཐེམ་ཐོ་དང་དེ་བཞིན་རྒྱུན་སྡོད་མི་སྣའི་རོགས་སྐྱོབ་ཆ་འཕྲིན་དེ་ཁོངས་གཏོགས་ས་གནས་ཀྱི་དམངས་སྲིད་སྡེ་ཚན་གྱིས་ཐད་ཀར་ཞིབ་བཤེར་སྒྲུབ་གཉེར་བྱས་པ་དང་། ཡུལ་གཞན་ནས་སྨན་བཅོས་བྱེད་པར་ཡོང་བའི་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཆ་འཕྲིན་བསྡུ་ལེན་བྱ་ཡུལ་གྱི་དམངས་སྲིད་སྡེ་ཚན་གྱིས་ལས་ཀའི་ཉིན་གསུམ་ནང་ས་ཁོངས་བསྒྲལ་ནས་བརྒྱུད་སྤྲོད་བྱེད་པ་མ་ཟད། སྨན་བཅོས་བྱ་ཡུལ་གྱི་དམངས་སྲིད་སྡེ་ཚན་གྱིས་མཉམ་བཤེར་ཞིབ་དཔྱད་ལས་དོན་དུས་གཅིག་ཏུ་སྤེལ་ཡོད། ཞིང་ཆེན་དང་། གྲོང་ཁྱེར(ཀྲོའུ) རྫོང(གྲོང་ཁྱེར། ཆུས། སྲིད་འཛིན་ཨུ་ལྷན)བཅས་རིམ་གསུམ་སྨན་བཅོས་སྒྲིག་གཞིའི་ཆ་འཕྲིན་འབུལ་སྐྱེལ་གྱི་དུས་བཀག་དང་བརྒྱུད་རིམ་ཁ་གསལ་བཟོས་ནས་རིམ་ཁག་སྨན་བཅོས་སྒྲིག་གཞིས་གྲལ་བཤེར་བྱས་པའི་ཆ་འཕྲིན་དེ་ལས་ཀའི་ཉིན་གསུམ་ནང་རིམ་པ་དབྱེ་ནས་སྐྱེལ་བ་དང་ཕྱོགས་བསྡུས་རྒྱུན་འཁོར་ཐུབ་ཡོད།
རྫོང་རིམ་པའི་དམངས་སྲིད་སྡེ་ཚན་ལ་རོགས་སྐྱོབ་ཁུངས་སྣེ་འབྱོར་རྗེས་ལས་ཀའི་ཉིན་2ནང་དུད་ཚང་དུ་བསྐྱོད་ནས་ཞིབ་བཤེར་དང་དེ་བཞིན་དུད་ཚང་གི་དཔལ་འབྱོར་གནས་ཚུལ་ལ་ཞིབ་བཤེར་བྱས་ཏེ་ནད་པའི་ཁྱིམ་ཚང་གི་དཀའ་ངལ་དབྱེ་འབྱེད་གནད་ལ་འཁེལ་བ་བྱས་པ་དང་། མ་མཐའི་འཚོ་བ་འགན་ལེན་དུད་ཚང་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ། མ་མཐའི་འཚོ་བ་འགན་ལེན་གྱི་མཐར་ལུས་ཁྱིམ་ཚང་། མི་གཏོང་ཀ་མེད་ཀྱི་གཏོང་སྒོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་དང་དེ་བཞིན་གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མཐུན་པའི་རོགས་སྐྱོབ་བྱ་ཡུལ་རིགས་དབྱེ་ནས་དེ་མཚུངས་ཀྱི་རོགས་སྐྱོབ་སྲིད་ཇུས་དོན་འཁྱོལ་དང་རོགས་སྐྱོར་མ་དངུལ་དུས་ཐོག་ཏུ་སྤྲད་པ་དང་། གནས་སྐབས་རོགས་སྐྱོབ་ཀྱི་ཆ་རྐྱེན་དང་མི་མཐུན་པའི་མང་ཚོགས་ལ་སྲིད་ཇུས་འགྲེལ་བཤད་ཡག་པོ་བརྒྱབ་པ་དང་འབྲེལ་ལས་ཀའི་རྩིས་ཁྲ་ཉར་ཚགས་བྱེད་པ་དང་། དེ་མིན་གྱི་འཚོ་བའི་དཀའ་ངལ་ལ་དམིགས་ནས་རོགས་སྐྱོར་དང་གཞན་སྦྱོར་གྱི་ཞབས་འདེགས་ཡག་པོ་ཞུས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་རེ་ཞུ་ཚང་མར་ལན་གསལ་པོ་ཡོད་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།