ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་གྲོས་མོལ་གནང་བ།

ཟླ་10ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲི་ཐའེ་དབྱིན་མེར་དང་སྐུ་ཟླ་པི་ཏེང་པེན་ཏེ་རྣམ་གཉིས་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་བཞིན་པ།

ཟླ་10ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་གྲོས་མོལ་གནང་ཞིང་། འདི་ནི་གྲོས་མོལ་མ་གནང་གོང་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཧྲི་ཐའེ་དབྱིན་མེར་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོག་བཞིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲིར་ཕེབས་པའི་འཇར་མན་གྱི་ཙུང་ཐུང་ཧྲི་ཐའེ་དབྱིན་མེར་དང་གྲོས་མོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་ཚད་མཐོའི་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་བྱུང་ནས། ཐོག་མཐའ་བར་གསུམ་དུ་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་དང་ཕན་ཚུན་འབྲས་བཟང་གཏོད་པའི་རོགས་ཟླ་གྱུར་ཡོད། མིག་སྔར་འཛམ་གླིང་ལ་ལོ་བརྒྱའི་འགྱུར་ལྡོག་མྱུར་པོ་འབྱུང་བཞིན་ཡོད་པ་དང་། འཕོ་འགྱུར་དང་ཟང་ཟིང་དེ་བས་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་ཨང་གཉིས་པ་དང་གསུམ་པ་ཡིན་པའི་ཀྲུང་གོ་དང་འཇར་མན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་འཕེལ་རྒྱས་དང་འཛམ་གླིང་གི་དཔལ་འབྱོར་བརྟན་པོའི་ངང་འཕར་བར་འགན་འཁྲི་གལ་ཆེན་འཁུར་གྱི་ཡོད་པས། འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་འདྲ་མཉམ་གཉིས་ཕན་དང་འཐབ་ཇུས་བརྟན་ལྷིང་གི་མཉམ་ལས་བྱེད་སྟངས་གསར་པ་ཞིག་བཏོད་དེ། སྒོ་མོ་ཕྱེ་བ་ལས་བཀག་སྡོམ་མི་བྱེད་པ་དང་མཉམ་ལས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པའི་དགེ་མཚན་ལྡན་པའི་བརྡ་རྟགས་ཤིག་ཕྱི་ཕྱོགས་སུ་གཏོང་དགོས་པ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་བརྩམས་ནས། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྲིད་སྐྱོང་བར་ཡུན་རིང་གཏན་འཁྱོངས་བྱེད་དགོས་ཤིང་། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ལ་འཛིན་པའི་སྲིད་ཇུས་རྒྱུན་མཐུད་ཆོག་པ་དང་། བརྟན་པོ། སྔོན་དཔག་ཐུབ་པ་ཞིག་ཡིན་པས་འཇར་མན་གྱི་རྒྱལ་ཁབ་ཆེན་པོའི་གནས་བབ་ལ་ཚད་མཐོའི་མཐོང་ཆེན་དང་། འཇར་མན་གྱི་གཅིག་གྱུར་དང་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡོ་རོབ་དང་རྒྱལ་སྤྱིའི་ལས་དོན་ཁྲོད་འཇར་མན་གྱིས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་པ་མཐོང་འདོད་ཡོད། འཇར་མན་ཕྱོགས་ཀྱིས་སྒོ་དབྱེ་དང་རྣམ་འགྱུར་ཡག་པོར་བརྟེན་ནས་ཀྲུང་གོའི་འཕེལ་རྒྱས་དང་ཀྲུང་གོ་དང་མཉམ་ལས་བྱེད་པར་ལྟ་སྟངས་བཟུང་ནས། དཔྱོད་ཤེས་དང་། དངོས་སྒྲུབ། མཛའ་མཐུན་བཅས་ཀྱི་ཀྲུང་གོར་འཛིན་པའི་སྲིད་ཇུས་མཐའ་འཁྱོངས་དང་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་མཐའ་འཁྱོངས་བྱ་རྒྱུའི་རེ་བ་ཡོད་ལ། དེ་ནི་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བའི་རྩ་ཆེའི་ཉམས་མྱོང་ཞིག་ཀྱང་རེད། འཇར་མན་ནི་སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་དང་སྤུས་ཚད་མཐོ་བའི་ཐོན་རྫས་ཀྱི་མཚོན་བྱེད་ལྟ་བུ་ཡིན་པ་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བཞིན་ཡོད་པས། ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་འཐབ་ཇུས་མཐུན་ལ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་ནས་འཇར་མན་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་ཀྲུང་གོར་རྐང་པ་ཚུགས་ཏེ་གཞི་ཁྱོན་ཆེ་བའི་ཁྲོམ་རའི་ཁེ་སྤོགས་མཉམ་སྤྱོད་བྱེད་པར་དགའ་བསུ་ཞུ་གི་ཡིན། འཇར་མན་ཕྱོགས་ཀྱིས་སྒོ་དབྱེ་བསྟུན་མཁས་མཐའ་འཁྱོངས་བྱས་ཏེ་འཇར་མན་དུ་སྐྱོད་མཁན་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། ཡོངས་བསྒྲགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་ནས་ཀྲུང་གོ་དང་འཇར་མན་གྱི་དངོས་སྒྲུབ་མཉམ་ལས་རྒྱ་སྟོབས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་མི་ཐབས་རིག་ནུས་དང་། ལྗང་མདོག་ཐཱན་ཉུང་། ཞབས་ཞུའི་ཚོང་དོན། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱས་ཏེ་འབྱུང་འགྱུར་གྱི་འགྲན་རྩོད་ནུས་པ་ཐུན་མོང་ཐོག་ཆེ་རུ་བཏང་ནས་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་ལ་ཟུར་ཚད་མང་དུ་དང་གཏིང་ཤུགས་ཆེ་རུ་གཏོང་འདོད་ཡོད། ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཚང་མར་དཀའ་སྤྱད་ལས་བརྩོན་དང་། བློ་གྲོས་དང་ལྡན་པ། སྙིང་རུས་ཆེ་བ་བཅས་ཀྱི་ཕུལ་བྱུང་གཤིས་རྒྱུད་ལྡན་པས་ཚང་མས་ཀྲུང་གོ་དང་འཇར་མན་གྱི་མཛའ་མཐུན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་གཉིས་པོས་རིག་གནས་དང་། སློབ་གསོ། སྒྱུ་རྩལ་བཅས་ཀྱི་སྤེལ་རེས་ལ་རྒྱབ་སྐྱོར་དང་། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ། དམངས་སེམས་གཅིག་མཐུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱི་ལོ་ཀྲུང་གོ་དང་འཇར་མན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་55འཁོར་བར་མཉམ་དུ་རྟེན་འབྲེལ་ཞུ་ཆེད་རྣམ་པ་བཟང་པོ་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཡོ་རོབ་མནའ་འབྲེལ་རོགས་ཟླར་བརྩིས་ནས་ལྷག་བསམ་རྣམ་དག་དང་སེམས་པ་བཟང་པོ་འཆང་བཞིན་ཡོ་རོབ་དང་འབྲེལ་བ་འཕེལ་རྒྱས་གཏོང་གི་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་མཉམ་ལས་དེ་འགྲན་རྩོད་ལས་གལ་འགངས་ཆེ་བ་དང་ཐུན་མོང་གི་ངོས་འཛིན་དེ་མི་མཐུན་པའི་ཆ་ལས་གལ་འགངས་ཆེ་བ་ཡོད་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་ཡང་ཡང་ཐུབ་ཡོད། ཀྲུང་གོ་དང་ཡོ་རོབ་ཀྱི་དཔལ་འབྱོར་ཚོང་དོན་འབྲེལ་བའི་ངོ་བོ་ནི་ལེགས་ཆ་གསབ་རེས་དང་གཉིས་ཁེ་གཉིས་ཕན་ཡིན་པ་དང་། ཚང་མར་གྲུབ་འབྲས་ཐོབ་པའི་ཐབས་ལམ་ནི་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་བསམ་ཤེས། ཕན་ཚུན་བཟོད་སྒོམ་བཅས་བྱས་པ་ལས་བྱུང་བ་ཞིག་ཡིན། མཐུན་སྦྱོར་འཕེལ་རྒྱས་ཀྱི་འགག་རྩ་ནི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་གཞུང་འཁྱོངས་གསར་འབྱེད་བྱ་རྒྱུ་དེ་རེད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་དཀའ་བ་ཚད་མེད་བརྒྱུད་མྱོང་བ་དང་མཉམ་ལས་བྱེད་རིང་གནད་དོན་ཁག་གཅིག་ཐོན་པ་ནི་འཕེལ་རྒྱས་ཁྲོད་ཀྱི་གནད་དོན་དང་མདུན་སྐྱོད་ཁྲོད་ཀྱི་འགལ་ཟླ་རེད། རོགས་ཟླའི་འབྲེལ་བའི་ངེས་གནས་བརྟན་སྲུང་དང་འདྲ་མཉམ་གྱི་སྐད་ཆ་ཤོད་རེས་ཀྱི་དགོངས་གཞི་མཐའ་འཁྱོངས་བྱས་ཚེ། འགལ་བ་དང་གནད་དོན་ཐག་གཅོད་ཐུབ་ནས་ཀྲུང་གོ་དང་ཡོ་རོབ་ཀྱི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་འགོག་རྐྱེན་ཡོང་མི་སྲིད། ཡོ་རོབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་མཐུན་མདུན་སྐྱོད་ཀྱིས་ལག་གདང་སྦྲེལ་ནས་འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཞི་ཅིན་ཕིང་གིས་ཧྲི་ཐའེ་དབྱིན་མེར་ལ་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གནས་ཚུལ་སྐོར་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས། རྒྱལ་ཁབ་སྐྱོང་བར་ངེས་པར་དུ་སྔོན་ལ་ཏང་སྐྱོང་བ་དང་ཏང་དར་རྒྱས་བྱུང་ཚེ་གཞི་ནས་རྒྱལ་ཁབ་སྟོབས་འབྱོར་དང་ལྡན་པ་ཡོང་ཐུབ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་ལྷོད་མེད་བཏང་ཚེ་མི་དམངས་མང་ཚོགས་ཀྱི་བརྩི་བཀུར་དང་རྒྱབ་སྐྱོར་རྒྱ་ཁྱབ་ཐོབ་ངེས་རེད། ཀྲུང་གོ་གུང་ཁྲན་ཏང་གིས་འཇར་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་ཏང་གཙོ་བོ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
ཧྲི་ཐའེ་དབྱིན་མེར་གྱིས་གསུངས་དོན། འདས་ཟིན་པའི་ལོ་25ཡི་རིང་ངས་ཀྲུང་གོར་འཚམས་འདྲིར་ཐེངས་8ཡོང་བ་ཡིན། དེའི་རིང་ཀྲུང་གོ་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་འདི་གར་ཡོང་རིམ་བཞིན་ཀྲུང་གོའི་རྣམ་པ་གསར་རྐྱང་དུ་གྱུར་པ་མིག་མཐོང་ལག་ཟིན་བྱུང་། ཀྲུང་གོ་འདི་ཉིད་ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་དཔལ་འབྱོར་དང་ཚན་རྩལ་གྱི་སྟོབས་ཤུགས་གཉིས་ཀ་གལ་འགངས་ཧ་ཅང་ཆེ་བའི་འཛམ་གླིང་གི་རྒྱལ་ཁབ་ཆེན་པོར་གྱུར་ཟིན་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འགོ་ཁྲིད་གནང་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཆེན་པོར་དད་གུས་ཚད་མེད་ཞུ་གི་ཡོད། འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བ་ནི་དམ་ཟབ་གཉིས་ཕན་དང་གསོན་ཤུགས་ལྡན་པ་ཞིག་ཡིན་པས། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་ངང་སྐད་ཆ་ཤོད་རེས་བྱས་སྟབས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲུབ་འབྲས་དངོས་ཐོབ་ནས་ཕན་ཚུན་འཕེལ་རྒྱས་ཡོང་བར་རམ་འདེགས་ཐུབ་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་ལེན་བསྟར་བར་བརྩི་སྲུང་ཞུ་གི་ཡོད་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་མདུན་ལམ་ལ་ཡིད་ཆེས་ཀྱིས་ཁེངས་ཡོད། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་བྱས་ཏེ་ཚོང་དོན་དང་། ཚན་རྩལ། མི་ཐབས་རིག་ནུས། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མི་ཆོས་རིག་གནས་ཀྱི་སྤེལ་རེས་ལ་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་དང་གྲོས་མོལ་ལ་བརྟེན་ནས་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་ས་ཐག་གཅོད་འོས་འཚམ་བྱས་ཏེ་གཉིས་ཁེ་གཉིས་ཕན་ཡོང་བ་བྱས་ནས་འཛམ་གླིང་ལ་མིག་དཔེ་འདོན་ཆོག རྒྱལ་སྤྱིའི་སྒྲིག་ལམ་གྱི་གནོན་ཤུགས་འོག་འཛམ་གླིང་རྒྱལ་ཁབ་ཁག་གིས་ཀྲུང་གོས་ནུས་པ་དེ་བས་ཆེ་བ་འདོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་སྲུང་སྐྱོང་བྱེད་པའི་འགན་འཁྲི་ཕྲག་ཏུ་འཁུར་ནས་མཉམ་འབྲེལ་རྒྱལ་ཚོགས་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་སྲུང་སྐྱོང་དང་། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་། རང་མོས་ཚོང་དོན་དང་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ལ་རྒྱབ་སྐྱོར། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ། ཚོང་དོན་འཁྲུག་རྩོད་ལ་ངོ་རྒོལ་བཅས་བྱེད་འདོད་ཡོད།
གྲོས་མོལ་མ་གནང་གོང་། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱིའི་ཐང་ཆེན་དུ་ཧྲི་ཐའེ་དབྱིན་མེར་དང་སྐུ་ཟླ་པི་ཏེང་པེན་ཏེ་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།
ཧྲི་ཐའེ་དབྱིན་མེར་དེ་གར་ཕེབས་འབྱོར་ཟིན་སྐབས་གུས་དམག་གིས་གྲལ་སྟར་འགྲིག་པོས་གུས་འདུད་ཞུས་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གཟིགས་ཞིབ་སྟེགས་བུར་ཕེབས་རྗེས་དམག་མིའི་རོལ་ཆ་ཚོགས་པས་ཀྲུང་གོ་དང་འཇར་མན་རྒྱལ་ཁབ་གཉིས་པོའི་རྒྱལ་གླུ་དཀྲོལ་བ་དང་། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྟེན་འབྲེལ་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཧྲི་ཐའེ་དབྱིན་མེར་གྱིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་འབྲེལ་དམག་རིམ་རྣམ་འབྱེད་ཀྱི་རུ་སྟར་ལའང་གཟིགས་པ་རེད།
དེ་ཉིན་དགོང་མོ་ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོའི་གསེར་མདོག་ཚོམས་ཆེན་དུ་ཧྲི་ཐའེ་དབྱིན་མེར་སྟངས་དཔྱལ་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།