དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕཱ་མུའུ་ལན་དང་མཇལ་འཛོམས་གནང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-11-01

    ཟླ་10ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་དོན་འཚམས་འདྲིར་ཕེབས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕཱ་མུའུ་ལན་དང་མཇལ་འཛོམས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་30ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ལས་དོན་འཚམས་འདྲིར་ཕེབས་པའི་སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཕཱ་མུའུ་ལན་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་བསྟན་དོན། སུའེ་ཙེར་ནི་ཡོ་རོབ་ཏུ་ཡོད་པའི་ཀྲུང་གོའི་རོགས་ཟླ་གལ་ཆེན་ཞིག་ཡིན་པས། ཀྲུང་གོ་དང་མཉམ་ལས་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཡོ་རོབ་རྒྱལ་ཁབ་ཀྱི་མདུན་གྲལ་དུ་སླེབས་ཡོད། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཀྱི་ལྡོག་རྒྱུན་ཐོན་བཞིན་པའི་དེང་གི་དུས་འདིར་རང་མོས་ཚོང་དོན་མཉམ་ལས་དེ་ཀྲུང་སུའེ་འབྲེལ་བའི་བཀྲག་མདངས་འཚེར་ཤོས་ཀྱི་མིང་བྱང་དུ་གྱུར་པ་དེ་ལས་རྒྱལ་ཁབ་གཉིས་པོས་སྒོ་དབྱེ་མཉམ་ལས་མཐའ་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་བློ་སྟོབས་དང་འགན་འཁྲི་འཁུར་སེམས་གང་ལེགས་མཚོན་པ་དང་ཕྱོགས་གཉིས་པོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐུན་མོང་མ་ཡིན་པའི་སྣེ་ཁྲིད་ནུས་པ་མངོན་ཡོད། རྒྱལ་ཁབ་ཁག་གི་དཔལ་འབྱོར་ཕན་ཚུན་མཐུན་ན་མཉམ་དུ་ཡར་རྒྱས་ཡོང་བ་དང་མ་མཐུན་ན་གཉིས་ཀ་རྗེས་ལུས་ཐེབས་སྲིད། ཀྲུང་གོ་ཕྱོགས་ཀྱིས་སུའེ་ཙེར་ཕྱོགས་དང་མཉམ་དུ་སྒོ་དབྱེའི་དར་ཆ་མཐོན་པོར་སྒྲེང་བ་དང་། མཉམ་ལས་ཀྱི་འབྲེལ་ཐག་དམ་དུ་གཏོང་བ། ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཐུན་མོང་ཐོག་ཀྲུང་ཡོའི་དཔལ་འབྱོར་ཚོང་དོན་མཉམ་ལས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་རྩ་ཆེའི་ཡིད་ཆེས་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་འདོད་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སུའེ་དབར་ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཕན་ཚུན་གྲུབ་འབྲས་ཐོབ་པ་མཐའ་འཁྱོངས་དང་གཞན་གྱི་སྔོན་དུ་བྱེད་ཕོད་པར་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ཐོག་ནས“འདྲ་མཉམ་དང་། གསར་གཏོད། གཉིས་ཕན”བཅས་ཀྱི་ཀྲུང་སུའེ་ཡི་མཉམ་ལས་སྙིང་སྟོབས་ལ་རྒྱུན་ཆད་མེད་པར་གསལ་འགྲེལ་བྱས་པས་ཆེ་ཆུང་མི་འདྲ་བ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དབར་འགྲོ་འོང་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་རིམ་པ་ཁག་གི་སྤེལ་རེས་དང་སྲིད་ཇུས་འབྲེལ་མཐུད་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཀྲུང་གོས་ཐོན་སྐྱེད་ནུས་ཤུགས་གསར་མ་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་དང་ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་བཏང་ནས་ཀྲུང་གོའི་ཁྲོམ་ར་འཛམ་གླིང་གི་ཁྲོམ་ར་ཞིག་དང་མཉམ་སྤྱོད་ཀྱི་ཁྲོམ་ར་ཞིག་ཏུ་གཏོད་འདོད་ཡོད། ཕྱོགས་གཉིས་པོས་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཏེ་སྒོ་དབྱེ་མཉམ་ལས་ཀྱི་འཆར་གཞི་དེ་མིག་མཐོང་ལག་ཟིན་ཐུབ་པའི་འཆར་གཞིར་འགྱུར་བར་བྱེད་དགོས། གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་གསོག་ནུས། མི་ཐབས་རིག་ནུས་སོགས་གསར་དར་ཐོན་ལས་མཉམ་ལས་ནུས་ཤུགས་ཡོད་རྒུས་སྐྱེད་སྲིང་བྱེད་པ། མཐུན་སྦྱོར་གསར་གཏོད་དང་ཁེ་ཕན་མཉམ་སྤྱོད་ཀྱི་སྤུས་ཚད་མཐོ་བའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་སྐྲུན་པ་བཅས་བྱས་ཏེ་མི་ཐབས་རིག་ནུས་དགེ་བརྩོན་ཡར་ཐོན་དང་མིའི་རིགས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

    ཞི་ཅིན་ཕིང་གིས་བསྟན་དོན། སུའེ་ཙེར་གྱིས་དུས་ཡུན་རིང་པོའི་ནང་ཀྲུང་ཡོའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ཁྲོད་དཔེ་སྟོན་གྱི་ནུས་པ་གལ་ཆེན་བཏོན་ཡོད། སུའེ་ཙེར་ཕྱོགས་ཀྱིས་རང་ངོས་ཀྱི་ཐུན་མོང་མ་ཡིན་པའི་ཤུགས་རྐྱེན་ཐོན་པར་བྱས་ཏེ་ཀྲུང་ཡོའི་ཚོང་དོན་འཕེལ་རྒྱས་ཡར་ཐོན་དོ་སྙོམས་དང་འཕེལ་རྒྱས་བརྟན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུའི་རེ་བ་ཡོད། ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཀྲུང་སུའེ་རྒྱལ་ཁབ་གཉིས་པོའི་ལངས་ཕྱོགས་འདྲ་བ་དང་འདུ་ཤེས་གཅིག་མཚུངས་ཡིན། ཕྱོགས་གཉིས་པོས་ཕྱོགས་མང་མཐུན་སྦྱོར་དང་ཕན་ཚུན་རྒྱབ་སྐྱོར་ཟབ་ཏུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞིར་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།

    ཕཱ་མུའུ་ལན་གྱིས་གསུངས་དོན། སུའེ་ཙེར་ནི་ཀྲུང་གོ་གསར་པ་ཁས་ལེན་བྱེད་མཁན་སྔ་ཤོས་ཀྱི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པས་སྤོབས་པ་ཆེན་པོ་བྱེད་ཀྱི་ཡོད། དེས་རྒྱལ་ཁབ་གཉིས་པོའི་རྒྱུན་སྲིང་དང་གསོན་ཤུགས་ལྡན་པའི་རོགས་ཟླའི་འབྲེལ་བ་བཙུགས་ཡོད། ཕྱི་འབྲེལ་བཙུགས་ཚུན་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཐོ་རིམ་དབར་གྱི་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་བྱས་པས་ཚོང་དོན་མ་འཇོག་དང་། ཚན་ཞིབ་གསར་གཏོད། ངལ་རྩོལ་ལས་ཞུགས་སོགས་ཁྱབ་ཁོངས་མང་པོར་མཉམ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ད་ལོ་ནི་སུའེ་ཀྲུང་དབར་གསར་གཏོད་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་ངོ་10འཁོར་བའི་ལོ་ཞིག་ཡིན་པ་དང་ཕྱོགས་གཉིས་པོས་དུས་ཐུང་ནང་སྤུས་ཚད་མཐོ་བའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་མོལ་ལེགས་སྒྲུབ་བྱས་པ་དེ་ལས་ཕྱོགས་གཉིས་པོས་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པ་མཚོན་པ་དང་རྒྱལ་ཁབ་གཉིས་པོའི་ཁེ་ལས་དང་ཕྱོགས་ཁག་གི་རེ་སྒུག་དང་མཐུན་པ་ཡིན་པས། སུའེ་ཀྲུང་གི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་རེད། སུའེ་ཙེར་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་ཀྲུང་གོ་ཕྱོགས་དང་སྐད་ཆ་ཤོད་རེས་དང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་གཉིས་ཁེ་མཉམ་ལས་མཐའ་འཁྱོངས་བྱས་ཏེ་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སུའེ་ཙེར་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་དགེ་མཚན་ལྡན་པའི་ནུས་པར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཐུན་སྦྱོར་དམ་ཟབ་དང་། ཕྱོགས་མང་རིང་ལུགས་མཐའ་འཁྱོངས། རང་མོས་ཚོང་དོན་སྲུང་སྐྱོང་བཅས་བྱས་ཏེ་འཛམ་གླིང་གི་འཕེལ་རྒྱས་དར་རྒྱས་དང་ཞི་བདེ་བརྟན་ལྷིང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད།

    མཇལ་འཛོམས་ཚར་རྗེས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་སུའེ་ཡི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་ཡི་གེ་དང་། ཚན་ཞིབ། ངལ་རྩོལ་ལས་ཞུགས། སྨྱན་སྦྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོར་མཚན་རྟགས་བཀོད་དེ་ལྷན་དུ་དཔང་པོ་གནང་བ་རེད།

    ཝང་དབྱི་གོང་གསལ་གྱི་བྱེད་སྒོར་ཞུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།