ཀྲུང་གོ་སོགས་རྒྱལ་ཁབ་26གིས《མཉམ་འབྲེལ་རྒྱལ་ཚོཌ་ཀྱི་ནང་བཤུག་ཆོག་པའི་དངོས་ཟོག་གི་འཛིན་ཡིག་སྤྱི་ཆིངས》ལ་མིང་རྟགས་བཀོད་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཁ་ར་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཚེས་26ཉིན《མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་བཤུག་ཆོག་པའི་དངོས་ཟོག་གི་འཛིན་ཡིག་སྤྱི་ཆིངས》(གཤམ་དུ《སྤྱི་ཆིངས》ཞེས་བསྡུ་རྒྱུ)ཀྱི་གན་རྒྱ་འཇོག་པའི་མཛད་སྒོ་ཀག་ནའི་རྒྱལ་ས་ཨ་ཁ་རར་འཚོགས་ཤིང་། ཀྲུང་གོ་དང་ཀག་ན་ཚུད་པའི་རྒྱལ་ཁབ་26《སྤྱི་ཆིངས》ཀྱི་གན་འཇོག་རྒྱལ་ཁབ་ཁག་དང་པོར་གྱུར་ཡོད། དེ་རྗེས《སྤྱི་ཆིངས》ཉིའུ་གཡོད་དུ་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་རྒྱལ་ཁབ་ཁག་ལ་མིང་རྟགས་འགོད་པར་སྒོ་མོ་དབྱེ་ནས་འཇོག་རྒྱུ་རེད།
ཚོང་དོན་པུའི་པུའུ་ཀྲང་གཞོན་པ་ཅང་ཁྲེང་ཧྭ་གན་འཇོག་མཛད་སྒོར་ཞུགས་ཏེ་ཀྲུང་གོ་སྲིད་གཞུང་གི་ཚབ་ཞུས་ནས་སྤྱི་ཆིངས་ལ་མིང་རྟགས་བཀོད་པ་རེད། ཅང་ཁྲེང་ཧྭ་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག《སྤྱི་ཆིངས》འདི་ནི་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་རྒྱལ་སྤྱིའི་ཚོང་དོན་སྒྲིག་སྲོལ་གསར་གཏོད་བྱས་པ་ཞིག་དང་། ཀྲུང་གོ་དང་འཛམ་གླིང་རྒྱལ་ཁབ་ཁག་གིས་མཉམ་དུ་རྒྱུན་འཁྱོངས་བྱེད་པའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་འཛུགས་པར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་བསྟར་གཏིང་ཟབ་བྱེད་པའི་བྱ་སྤྱོད་དངོས་རེད་ལ། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་དང་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་སྲུང་སྐྱོང་བྱེད་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།
ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་སྤྱི་ཆིངས་འཇོག་མཁན་རྒྱལ་ཁབ་ཁག་དང་མཉམ་དུ་རྒྱལ་ནང་གི་ཞིབ་མཆན་འགོད་པའི་འགྲོ་ལུགས་གང་མགྱོགས་གཉེར་འདོད་ཡོད་ལ། རྒྱལ་ཁབ་དེ་བས་མང་བ《སྤྱི་ཆིངས》ནང་ཞུགས་ནས《སྤྱི་ཆིངས》ཀྱི་ཁེ་སྤོགས་ཀྱིས་རྒྱལ་ཁབ་དེ་བས་མང་བར་ཕན་པ་ཐོབ་པར་བྱས་ཏེ་གོ་ལ་ཧྲིལ་པོའི་ཚོང་དོན་དར་རྒྱས་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ཆེད་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་བརྗོད་པ་རེད།
ཀག་ནའི་ཚོང་དོན་དང་། ཞིང་ཚོང་དང་བཟོ་ལས་ཀྱི་པུའུ་ཀྲང་དབྱི་ལི་ཧྲ་པའེ·ཨའོ་ཧྥུའུ་སུའུ—ཨ་ཅ་ལེ་ཡིས། 《སྤྱི་ཆིངས》ཀྱི་གན་འཇོག་རྒྱལ་ཁབ་ཁག་དང་པོའི་གྲས་ཤིག་ཡིན་པའི་ཀག་ན་ཡིས་དེ་རྗེས་ཁྲིམས་འཛུགས་དང་དངོས་ཟོག་ནང་བཤུག་གི་འཛིན་ཡིག་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེ་ཨན་ནཱ·ཆའོ་པིན—པུའུ་ལའེ་ཐེ་ཡིས། སྤྱི་ཆིངས་དེས་གཏན་འཁེལ་མེད་པའི་རང་བཞིན་ཉུང་དུ་གཏོང་བ་དང་། མཉེན་ཤུགས་ཆེ་རུ་གཏོང་བ། ཚོང་དོན་མ་དངུལ་བསྡུ་སྒྲིལ་ལ་སྐུལ་འདེད་གཏོང་བ། ཚོང་དོན་གྲངས་འཛིན་ཅན་ལ་རྒྱབ་སྐྱོར་བྱེད་པ་བཅས་ལ་ཕན་ཐོགས་ཡོད་པ་མ་ཟད། རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་ལས་ཕྱོད་ཀྱང་ཆེ་རུ་གཏོང་ཐུབ་ཅེས་བརྗོད་པ་རེད། ཁོང་གིས་ཀྲུང་གོ་སྲིད་གཞུང་གིས《སྤྱི་ཆིངས》ཀྱི་རྣམ་གྲངས་མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་ཚོང་དོན་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་ལ་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
རྒྱལ་ཁབ་དང་ས་ཁུལ་60ལྷག་ཙམ་གྱི་འཐུས་མི་ཚོགས་པའི་མི་སྣ་400ཙམ《སྤྱི་ཆིངས》ལ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།
《སྤྱི་ཆིངས》ནི་ཀྲུང་གོས་གྲོས་འགོ་བཏོན་པ་དང་འབྲེལ་སྣེ་ཁྲིད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་12པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་གྱ་ཅུ་པའི་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། 《སྤྱི་ཆིངས》ནང་རྒྱལ་སྤྱིའི་སྒྲིག་སྲོལ་རིམ་ངོས་སུ་རྒྱལ་མཚམས་སྒྲོལ་བའི་སྐྱེལ་འདྲེན་བྱེད་སྟངས་ཚང་མར་སྤྱོད་རྒྱུར་འཚམ་པའི“ནང་བཤུག་ཆོག་པའི་དངོས་ཟོག་གི་འཛིན་ཡིག”གསར་གཏོད་བྱས་པ་བརྒྱུད། ལོ་བརྒྱ་ཕྲག་ཁ་ཤས་རིང་མཚོ་ཐོག་སྐྱེལ་འདྲེན་གྱི་འཛིན་ཡིག་མ་གཏོགས་དངོས་ཟོག་བདག་དབང་གི་ཚབ་བྱེད་མི་ཐུབ་པའི་ལམ་ལུགས་ཀྱི་བཀག་རྒྱ་མེད་པར་བཟོས་ཡོད།
འབྲེལ་ཡོད་གསར་འགྱུར།